ཨིག་ལི་ཐི་ལི་ཡཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨེ་ཙེ་ཨོ་ཕུ་ཡཱའི་བར་གྱི་ཛ་དྲག་གི་གནས་བབ་ཐག་གཅོད་བྱེད་པར་ཐེ་གཏོགས་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨིག་ལི་ཐི་ལི་ཡཱའི་སྲིད་གཞུང་གིས་ཚེས10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡཱ་ལ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་གཉིས་བར་གྱི་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་ཕྱི་འབྲེལ་གནས་བབ་ཐག་གཅོད་བྱེད་དགོས་ཟེར།

ཨིག་ལི་ཐི་ལི་ཡཱའི་ཕྱི་འབྲེལ་བློན་ཆེན་སཱ་ལེ་ཧི་ཡིས་ཚེས10ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྐུར་བའི་འཕྲིན་ཡིག་ཅིག་ལས་བསྟན་དོན། ཨེ་ཙེ་ཨོ་ཕི་ཡཱ་ཡིས་ཉེ་སྔོན་ཨིག་ལི་ཐི་ལི་ཡཱ་ལ་དམིགས་པའི་སྐྱོན་འཛུགས་ལས་རང་སྲུང་ལ་ཁ་གཡར་ནས་བདག་དབང་རྒྱལ་ཁབ་ཅིག་ལ་འཐབ་འཁྲུག་སློང་བའི་བྱ་སྤྱོད་ལ་དག་འབུད་བྱེད་རྩིས་བྱེད་པ་ནི་གཡོ་སྒྱུའི་བྱ་སྤྱོད་ཅིག་རེད་ཟེར།

ཁོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡཱ་ཡིས་ཨིག་ལི་ཐི་ལི་ཡཱ་ལ་འཐབ་འཁྲུག་སློང་བའི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་གཏོང་དགོས་པའི་རེ་ཞུ་བྱས།

ཨེ་ཙེ་ཨོ་ཕི་ཡཱའི་ཕྱི་འབྲེལ་བློན་ཆེན་ཀི་ཏིས་ཝུན་གྱིས་ཚེས8ཉིན་འཚམས་འདྲིར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མེན་ནཱ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨེ་ཙེ་ཨོ་ཕི་ཡཱའི་སྲིད་གཞུང་གིས་ཨིག་ལི་ཐི་ལི་ཡཱ་ཡིས་རང་གི་མངའ་ཁོངས་སུ་དམག་དོན་བཙན་འཛུལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མྱུར་མོར་དེར་ཐེ་གཏོགས་བྱེད་དགོས་པའི་འབོད་སྐུལ་བཏང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངེས་པར་དུ་ཨིག་ལི་ཐི་ལི་ཡཱའི་བཙན་འཛུལ་བྱ་སྤྱོད་ལ་ལན་གསལ་བོ་སྟེར་དགོས་པ་དང་། དེའི་ཞོར་དུ་ཨིག་ལི་ཐི་ལི་ཡཱའི་དམག་དཔུང་མྱུར་མོར་ཨེ་ཙེ་ཨོ་ཕི་ཡཱའི་མངའ་ཁོངས་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།

ཨེ་ཙེ་ཨོ་ཕི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས1ཉིན་གསལ་སྒྲོག་སྤེལ་ཏེ། ཨིག་ལི་ཐི་ལི་ཡཱའི་རྒྱལ་ས་ཨ་སི་མཱ་ལཱ་རུ་སྡོད་པའི་གཞུང་ཚབ་ཁང་གི་སྒོ་བརྒྱབ་པ་ཁྱབ་བསྒྲགས་བྱས་པ་དང་། ཨེ་ཙེ་ཨོ་ཕི་ཡཱ་རུ་སྡོད་པའི་ཨིག་ལི་ཐི་ལི་ཡཱའི་ཕྱི་འབྲེལ་དཔོན་པོ10དགའ་བསུ་མི་བྱེད་པའི་མིའི་གྲས་སུ་བཞག་སྟེ། ཁོ་ཚོ་དུས་ཚོད་ཞེ་བརྒྱད་རིང་ཨེ་ཙེ་ཨོ་ཕི་ཡཱའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན། ཨིག་ལི་ཐི་ལི་ཡཱའི་ཕྱི་འབྲེལ་པུའུ་ཡིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། ཨེ་ཙེ་ཨོ་ཕི་ཡཱའི་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས།

བསོད་ནམས་ཚེ་རིང་གིས་བསྒྱུར།

​