དབྱི་ལང་གིས་ཨ་མེ་རི་ཁས་དབྱི་ལང་གིས་བཏོན་པའི་ཆ་རྐྱེན་སྐོར་ཞིག་དང་ལེན་བྱས་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ལོས་ཀྲ་དབྱེ་ཡིས་ཚེས11ཉིན་བསྟན་དོན། ཨ་མེ་རི་ཁས་དབྱི་ལང་གིས་ཧའོ་ཨར་མུའུ་ཙི་མཚོ་འགག་ཡང་བསྐྱར་སྒོ་འབྱེད་བྱེད་པའི་ཐད་བཏོན་པའི་ཆ་རྐྱེན་སྐོར་ཞིག་དང་ལེན་བྱས་ཡོད་ཀྱང་། དབྱི་ལང་གིས་བཏོན་པའི་ཆ་རྐྱེན་གཞན་པའི་ཐད་ནས་མིག་སྔར་གནས་ཚུལ་གསལ་བོར་མི་ཤེས་ཟེར།

དབྱི་ལང་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས11ཉིན་བཏང་བའི་བཅར་འདྲིའི་ལེ་ཚན་ནང་། ལོས་ཀྲ་དབྱེ་ཡིས་གོང་གི་སྐད་ཆ་དེ་བཤད་པ་དང་དབྱི་ལང་དང་ཨ་མེ་རི་ཁའི་ཉེ་དུས་ཀྱི་འབྲེལ་འདྲིས་གནས་ཚུལ་ཞིབ་ཏུ་རྒྱས་བཤད་བྱས།

ལོས་ཀྲ་དབྱེ་ཡིས་བཤད་རྒྱུར། འདས་པའི་ཟླ་ངོ་གཉིས་ཀྱི་ནང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་དང་ཁཱ་ཐར། དབྱི་རག་བཅས་བརྒྱུད་དེ། དབྱི་ལང་གིས་གྲོས་གཞི་འདོན་དགོས་པའི་རེ་བ་བཏོན། དབྱི་ལང་ཕྱོགས་ཀྱིས་ཨ་མེ་རི་ཁར་ཆ་རྐྱེན་བདུན་བཏོན་པ་དང་། ཆ་རྐྱེན་དེ་དག་རེ་བ་མ་བསྐང་ན་ཨ་མེ་རི་ཁར་ཧའོ་ཨར་མུའུ་ཙི་མཚོ་འགག་སྒོ་འབྱེད་བྱེད་མི་སྲིད་པ་དང་། གྲོས་མོལ་གང་ཡང་བྱེད་མི་སྲིད་པའི་བརྡ་གསལ་བོ་བཏང་ཡོད་ཟེར།

ལོས་ཀྲ་དབྱེ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ད་ལྟ་ལན་བྱིན་ཡོད་ཀྱང་། དབྱི་ལང་གིས་དེའི་ཤུགས་ཚད་མི་འདང་བར་བསམ་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ངེས་པར་དུ་མག་མོག་ཡིན་པའི་གནད་དོན་གསལ་དག་ཡོང་བར་བྱེད་དགོས་ལ། དབྱི་ལང་གིས་ཨ་མེ་རི་ཁས་དབྱི་ལང་གི་དོགས་གཞི་སེལ་ཐུབ་མིན་ལ་ལྟ་ཞིབ་བྱས་ཏེ། རྗེས་མཐུད་ཀྱི་བྱ་བ་སྤེལ་བར་སྟབས་བདེ་བཟོ་དགོས་ཟེར།

ལོས་ཀྲ་དབྱེ་ཡིས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཡང་བསྐྱར་དབྱི་ལང་ལ་བཙན་འཛུལ་བྱས་ན། ཨ་མེ་རི་ཁའི་ཨེ་ཤ་ཡཱ་ནུབ་མ་ས་ཁུལ་གྱི་རྒྱུ་ནོར་ཏེ་གནད་འགག་གི་གཞི་གྲངས་མ་ལག་དང་མི་ཐབས་རིག་ནུས་སྒྲིག་ཆས་དེ་ཆམ་ཕབ་གཏོང་སའི་དམིགས་འབེན་དུ་འགྱུར་སྲིད། དབྱི་ལང་གིས་འཐབ་འཁྲུག་ཡང་བསྐྱར་འབྱུང་སྐབས་ཀྱི་དམག་དོན་ནུས་པ་གསར་བར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།

​