བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་བྱང་ཆིངས་རྩ་འཛུགས་ཀྱི་མངའ་ཁོངས་སུ་ཁ་ཚ་དགོས་གཏུག་གི་འཇིགས་ཉེན་ཐེབས་བཞིན་པའི་སྣང་ཚུལ་མེད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོའུ་ཐི་ཡིས་ཚེས14ཉིན་ཨེ་སོ་ནི་ཡཱའི་རྒྱལ་ས་ཐཱ་ལིན་ནས་བསྟན་དོན། གནས་སྐབས་སུ་ཨུ་རུ་སི་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མངའ་ཁོངས་ལ་དཔུང་འཇུག་བྱེད་པའི་སྣང་ཚུལ་མེད་ཀྱང་། གལ་ཏེ་ཨུ་རུ་སིས་དམག་དཔུང་གཅིག་བསྡུ་བྱེད་པའི་གནས་ཚུལ་ཤེས་ན། བྱང་ཆིངས་རྩ་འཛུགས་ཀྱིས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

ཉིན་དེར་ལོའུ་ཐི་ཡིས་ཨེ་སོ་ནི་ཡཱ་རུ་འཚམས་འདྲི་བྱས་པ་དང་། ཨེ་སོ་ནི་ཡཱའི་ཙུང་ལི་མུས་ཁྲ་ཨར་དང་གྲོས་མོལ་བྱས། དེའི་རྗེས་སུ་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། འཇིགས་ཉེན་ལ་ཇི་ལྟར་དཔྱད་འཇོག་བྱེད་པ་དང་ཨུ་རུ་སིའི་ཕྱོགས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་ལ་དཔུང་འཇུག་བྱས་མིན་འདྲི་སྐབས་ལོའུ་ཐི་ཡིས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། ང་ཚོས་བསམ་ན་དེ་འདྲའི་གནས་ཚུལ་འབྱུང་མི་སྲིད། བྱང་ཆིངས་རྩ་འཛུགས་ཀྱི་མངའ་ཁོངས་སུ་ཁ་ཚ་དགོས་གཏུག་གི་འཇིགས་ཉེན་ཐེབས་པའི་སྣང་ཚུལ་ཡང་མེད། གལ་ཏེ་དམག་དོན་གཅིག་བསྡུའི་གནས་ཚུལ་ཤེས་ན་ང་ཚོས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

ཁོས་ད་རུང་བྱང་ཆིངས་རྩ་འཛུགས་ཀྱི་མནའ་འབྲེལ་རྒྱལ་ཁབ་དག་གིས་དགུན་ཁ་མ་བསླེབས་གོང་ཝུའུ་ཁི་ལན་གྱི་དམག་དོན་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཁྱད་པར་དུ་མཁའ་སྲུང་རོགས་སྐྱོར་ལ་ཤུགས་སྣོན་དགོས་ཟེར།

ཨེ་སོ་ནི་ཡཱའི་སྲིད་གཞུང་གིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། མུས་ཁྲ་ཨར་དང་ལོའུ་ཐི་གཉིས་ཀྱིས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་འགོག་སྲུང་ནུས་པའི་འཛུགས་སྐྲུན་དང་ས་ཁུལ་གྱི་བདེ་འཇགས། ཝུའུ་ཁི་ལན་གྱི་དམག་དོན་རྒྱབ་སྐྱོར་བཅས་ལ་གྲོས་བསྡུར་བྱས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།

​