ཡོ་རོབ་གླིང་མནའ་འབྲེལ་གྱི་རྩེ་ཚོགས་ནས་དཔལ་འབྱོར་འགྲན་རྩོད་ནུས་པ་དང་ནུས་ཁུངས་གྲོས་གཞི་གནད་སར་བཟུང་ཡོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་འགོ་ཁྲིད་པས་ཚེས15ཉིན་ནས་ཚེས16ཉིན་བར་པུའུ་ལུའུ་སེར་ནས་རྩེ་ཚོགས་བསྡུ་རྒྱུ་ཡིན་པ་དང་། གཙོ་བོ་ཡོ་རོབ་གླིང་གི་དཔལ་འབྱོར་འགྲན་རྩོད་ནུས་པ་དང་ནུས་ཁུངས་ཀྱི་རིན་གོང་། སྐོར་ཐེངས་རྗེས་མའི་སྔོན་རྩིས་སོགས་གྲོས་གཞིར་གྲོས་བསྡུར་བྱས།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲོས་རིམ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པས་གཙོ་བོ་དཔལ་འབྱོར་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཡོ་རོབ་གླིང་གི་འགྲན་རྩོད་ནུས་པའི་མདུན་དུ་ལྷགས་པའི་འགྲན་རྩོད་འཚོལ་ཞིབ་བྱེད་རྒྱུ་ཡིན་ལ། དེའི་ནང་ནུས་ཁུངས་ཀྱི་རིན་གོང་དེ་ཡང་གྲོས་གཞི་གཙོ་བོར་གྱུར་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པས་དམིགས་སའི་རང་བཞིན་ལྡན་པ་དང་གནས་སྐབས་རང་བཞིན་གྱི་དུས་ཡུན་ཐུང་ངུའི་བྱེད་ཐབས་བཏོན་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ལ་ཁྲིད་སྟོན་བྱས་ཏེ། ནུས་ཁུངས་ཀྱི་རིན་གོང་ཇེ་མཐོར་སོང་བ་ལས་ཁེ་ལས་དང་སྡོད་དམངས་ལ་བཟོས་པའི་ཤུགས་རྐྱེན་ཞི་འཇགས་སུ་གཏོང་རྒྱུ་ཡིན་ལ། དེའི་ཞོར་དུ་ཡོ་རོབ་གླིང་གིས་རྫས་འགྱུར་འབར་རྫས་ལ་བརྟེན་ཚད་ཇེ་དམའ་རུ་གཏོང་བའི་དུས་ཡུན་རིང་བོའི་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཉེ་སྔོན་ནུས་ཁུངས་ཀྱི་རིན་གོང་ལྡབ་འགྱུར་གྱིས་ཇེ་མཐོར་སོང་བ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་འགྲན་རྩོད་ནུས་པ་ཇེ་སྡུག་ཏུ་སོང་བའི་གནད་དོན་ལ་སེམས་ཁུར་བྱེད་བཞིན་ཡོད། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཉེ་སྔོན་ཡོ་རོབ་གླིང་གྲོས་ཁང་ནས་བཤད་རྒྱུར། ཟླ2པའི་ཟླ་མཇུག་གི་ཚུན་ལ། ཡོ་རོབ་གླིང་གི་རང་བྱུང་སོལ་རླངས་ཀྱི་རིན་གོང་བརྒྱ་ཆའི་བརྒྱ་དང་བཞི་བཅུ་འཕར་བ་དང་། ཁྲེ་སྣུམ་གྱི་རིན་གོང་ལྡབ་གཅིག་འཕར་ཡོད་ལ། ནང་འདྲེན་བྱེད་པའི་རྫས་འགྱུར་འབར་རྫས་ཀྱི་འགྲོ་སོང་ཐད་ཡོ་སྒོར་ཁྲག་ཁྲིག་གཅིག་ཙམ་ཇེ་མང་དུ་སོང་ཡོད། དགུན་ཁ་བསླེབས་པ་དང་བསྟུན་ནས། ནུས་ཁུངས་ཀྱི་མ་རྩ་མཐོན་པོ་ལས་ཁེ་ལས་དང་སྡོད་དམངས་ལ་བྱིན་པའི་གནོན་ཤུགས་སྔར་ལས་ཇེ་ཆེར་འགྲོ་སྲིད།

ཡོ་རོབ་གླིང་མནའ་འབྲེལ་གྱི་སྐོར་ཐེངས་རྗེས་མའི་དུས་ཡུན་རིང་བོའི་སྔོན་རྩིས་ནི་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་གཞི་གལ་ཆེན་ཞིག་རེད། ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པས་མུ་མཐུད་དུ2028ལོ་ནས2034ལོའི་བར་གྱི་ལོ་མང་བོའི་ནོར་སྲིད་སྒྲོམ་གཞིར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ད་ལོའི་ལོ་མཇུག་གི་སྔོན་ལ་གྲོས་མཐུན་འགོད་ཐུབ་པར་ཆ་རྐྱེན་བསྐྲུན་རྒྱུ་རེད། མིག་སྔར་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བར་སྔོན་རྩིས་གཞི་རྒྱ་སོགས་གནད་དོན་གི་གནད་དོན་ཐད་སྔར་བཞིན་འགལ་བ་མངོན་གསལ་གནས་ཡོད།

གྲོས་ཚོགས་སྐབས་སུ། ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པས་ད་རུང་ཝུའུ་ཁི་ལན་དང་ཡོ་རོབ་གླིང་གི་བདེ་འཇགས་དང་འགོག་སྲུང་། གནས་སྤོར་སྡོད་དམངས། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱ་བསྐྱེད། དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།

​