
ཧན་གོ་ཕྱོགས་ཀྱིས་འཕྲིན་ཡིག་ནང་དུ། ཐེངས་འདིའི་འགད་གཏོར་ནི་ཁྲའོ་ཞན་གྱི་དམག་ཕྱོགས་ཀྱིས་ས་འོག་འབར་མདེལ་སྦས་པ་ལས་བྱུང་བ་དང་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དང་འགལ་ཡོད་པར་བསྟན། འཕྲིན་ཡིག་ནང་དུ་ཁྲའོ་ཞན་ཕྱོགས་ཀྱིས་དགོངས་དག་ཞུ་དགོས་པ་མ་ཟད་འགན་འཁུར་བའི་བྱེད་ཐབས་སྤྱོད་དགོས་པའི་བླང་བྱ་བཏོན་པ་དང་། དུས་མཚུངས་སུ་ཁྲའོ་ཞན་ཕྱོགས་ཀྱིས་མྱུར་དུ་ཁ་བརྡ་གླེང་མོལ་བྱས་ཏེ། གནས་བབ་ཛ་དྲག་ཏུ་འགྲོ་བར་སྔོན་འགོག་དང་ཕན་ཚུན་བར་གྱི་ཡིད་ཆེས་སླར་གསོ་བྱེད་དགོས་པའི་སྐུལ་མ་བྱས།
འཕྲིན་ཡིག་ནང་ད་དུང་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ཉེ་ཆར་ཧན་གོའི་དམག་དཔུང་གིས་དམག་དོན་དབྱེ་མཚམས་སུ་སྤེལ་བའི་ལུགས་མཐུན་གྱི་དམག་དོན་འགུལ་སྐྱོད་དེ“འགྲན་སློང་”དུ་ངོས་འཛིན་བྱ་རྒྱུ་ཡིན་པ་མ་ཟད། ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་གྱུར་བ་ནི་ཧན་གོ་ཕྱོགས་ཀྱི་འགན་འཁུར་ཡིན་པར་བསམ། འཕྲིན་ཡིག་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱ་དགོས་པའི་རེ་བ་བཏོན།
ཧན་གོའི་སྐམ་དམག་ཁྲི་དཔུང25པས་ཟླ9བའི་ཚེས21ཉིན་ཧན་གོ་དང་ཁྲའོ་ཞན་གྱི་དམག་དོན་དབྱེ་མཚམས་ཉེ་འགྲམ་གྱི་ཧན་གོ་ཕྱོགས་ཀྱི་དམག་དོན་མ་ཡིན་པའི་ས་ཁུལ་དུ་ལས་འགན་སྒྲུབ་སྐབས་ས་འོག་འབར་མདེལ་འབར་གས་བྱུང་སྟེ། དམག་མི3ལ་རྨས་ཕོག་པ་དང་དེའི་ནང་གི་མི2ལ་རྨས་སྐྱོན་ཚབས་ཆེན་ཕོག ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཟླ་འདིའི་ཚེས་ལྔ་ཉིན་གསར་འགོད་པའི་ཚོགས་འདུ་ཚོགས་ཏེ། ས་འོག་འབར་མདེལ་གྱི་འབར་གས་དོན་རྐྱེན་ལ་བརྟག་དཔྱད་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་ཤིང་། “འབར་གས་དེ་ཁྲའོ་ཞན་གྱིས་དམག་དོན་དབྱེ་མཚམས་ཀྱི་ལྷོ་ཕྱོགས་སུ་སྦས་པའི་རྐང་དམག་ལ་རྒོལ་བའི་ས་འོག་འབར་མདེལ་གྱིས་བཟོས་པ་ཡིན་”ཞེས་བཤད་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་དགོངས་དག་ཞུ་དགོས་པ་མ་ཟད་འཕྲལ་མར་འབྲེལ་ཡོད་ས་འོག་འབར་མདེལ་གཙང་སེལ་བྱེད་དགོས་པའི་བླང་བྱ་བཏོན།
ཁྲའོ་ཞན་ཕྱི་དོན་ཞིང་ཆེན་གྱིས་ཚེས6ཉིན་གསལ་བསྒྲགས་སྤེལ་ནས། ཉེ་སྔོན་ཁྲའོ་ཞན་དང་ཧན་གོའི་དམག་དོན་མ་ཡིན་པའི་ས་ཁུལ་དུ་བྱུང་བའི་ས་འོག་འབར་མདེལ་གྱི་འབར་གས་དོན་རྐྱེན་ནི་ཧན་གོའི་ཕྱོགས་རྐྱང་པས་བཟོས་པ་དང་བསྡོམས་ཚིག་བཙན་འགེལ་བྱས་པའི་དགོད་བྲོ་བའི་ཟློས་གར་ཞིག་རེད་ཟེར། ཧན་གོ་ཕྱོགས་ཀྱིས་དེ་ཁྲའོ་ཞན་གྱི་འགན་འཁྲི་ཡིན་པར་བཤད་ནས་ཁྲའོ་ཞན་རྒྱལ་ཁབ་ཀྱི་སྣང་བརྙན་བརླག་རྩིས་ཡོད་པས། དེ་ནི་གཏན་ནས་བཟོད་སྒོམ་བྱེད་མི་ཐུབ་པའི་འཁྲུག་སློང་བྱ་སྤྱོད་ཅིག་རེད།