ཨ་རིའི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན་ཐི་ལང་ཕུའུ་ཡིས་མཱ་སི་ཁི་ལ་ཝུའུ་ཁི་ལན་གྱི“སྐར་སྦྲེལ”སྲུང་སྐར་འཕྲིན་གཏོང་གི་ཚོད་འཛིན་མེད་པར་བཟོ་དགོས་པའི་བླང་བྱ་བཏོན་ཡོད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཟླ10པའི་ཚེས22ཉིན། ཨ་རིའི《ཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན།  ཚེས21ཉིན། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཨ་རིའི་བར་སྣང་འཚོལ་ཞིབ་ལག་རྩལ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཨའེ་ལུང་མཱ་སི་ཁིར་གློག་འཕྲིན་བཏང་ནས། ཝུའུ་ཁི་ལན་མངའ་ཁོངས་ཀྱི“སྐར་སྦྲེལ”སྲུང་སྐར་འཕྲིན་གཏོང་མ་ལག་གི་དམག་དོན་ཅན་གྱི་པར་གཞིའི་འབྲེལ་ཡོད་ཚོད་འཛིན་མེད་པར་བཟོ་དགོས་པའི་བླང་བྱ་བཏོན།

སྤེལ་བའི་གནས་ཚུལ་གྱིས་ཨ་རིའི་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་བཤད་རྒྱུར། ཐི་ལང་ཕུའུ་ཡིས་མཱ་སི་ཁི་ལ “སྐར་སྦྲེལ”མ་ལག་སྤྱོད་པའི་མྱུར་ཚད་ལ་ཚོད་འཛིན་བཟོས་བར་བློ་ཡིད་མི་ཚིམ་པར་གྱུར་ཡོད་ཅེས་བཤད་ཡོད་ཟེར། ཨ་རི་དང་ཝུའུ་ཁི་ལན་གྱི་དཔོན་རིགས་ཀྱིས་ཕྱིར་བསྒྲགས་པ་ལྟར་ན། ཁོ་གཉིས་ཀྱིས་ཕན་ཚུན་བར་ཁ་པར་བཏང་རྗེས། ཚེས22ཉིན། “སྐར་སྦྲེལ”མ་ལག་རྒྱུན་གཏན་ལྟར་འཁོར་སྐྱོད་སླར་གསོ་བྱུང་ཡོད་ནའང་། ཝུའུ་ཁི་ལན་གྱི་དཔོན་རིགས་ཤིག་གིས་བཤད་རྒྱུར། མ་ལག་དེ་རྒྱུན་ལྡན་གྱི་ཆུ་ཚད་ལ་སླར་གསོ་ཐོབ་མེད་ནའང་། དེའི་འཁོར་སྐྱོད་མྱུར་ཚད་དེ་མྱུར་ཚད་ཚོད་འཛིན་སྐབས་ལས་ཆེས་མགྱོགས་ཤོས་སུ་སླེབས་ཡོད་ཟེར།

ཚེས16ཉིན། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་པི་ལིས་ཧྲིའི་རྒྱལ་ས་པུའུ་ལུའུ་སར་ཨར་དུ་ཚོགས་པའི། ཡོ་རོབ་མནའ་འབྲེལ་རྩེ་ཚོགས་སྟེང་བཤད་རྒྱུར། ཨ་རིའི“སྐར་སྦྲེལ”བེད་སྤྱོད་ལ་ཚོད་འཛིན་བཟོས་པ་དེས། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སུའི་མི་མེད་གནམ་གྲུ་འགོག་པའི་ནུས་པར་ཤུགས་རྐྱེན་ཐེབས་ཡོད་ཟེར། ཉིན་དེར། ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱིས“སྐར་སྦྲེལ”སྲུང་སྐར་འཕྲིན་གཏོང་མ་ལག་སྤྱོད་རྒྱུར་ཚོད་འཛིན་བྱས་མེད་ལ། མཱ་སི་ཁིར་དེའི་ཐད་འགན་འཁྲི་ཡོད་པའི་ངོས་འཛིན་བྱེད་ཀྱི་མེད་ཅེས་ནན་བཤད་བྱས།

མཱ་སི་ཁི་ཡིས་དེའི་སྔོན་ལ་བཤད་རྒྱུར། ཝུའུ་ཁི་ལན་གྱིས་སྤྱོད་པའི“སྐར་སྦྲེལ”སྲུང་སྐར་མ་ལག་དེ་ཨ་རི་སྲིད་གཞུང་ལ་དབང་བ་དང་ཚོད་འཛིན་བྱེད་ཀྱི་ཡོད། བེད་སྤྱོད་མྱུར་ཚད་དམ་ཡང་ན་སྤྱོད་སྒོའི་སྐོར་གྱི་ཚོད་འཛིན་གང་ཞིག་ཡིན་རུང་ཨ་རིའི་དམག་ཕྱོགས་ཀྱིས་གཏན་འཁེལ་བྱེད་ཀྱི་ཡོད་ལ། མཐར་ཨ་རིའི་སྲིད་འཛིན་ལ་རག་ལས་ཡོད་ཟེར། ཚེས20ཉིན། ཨ་རིའི《ཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། གཟའ་འཁོར་སྔོན་མའི་ནང་མཱ་སི་ཁི་ཡིས་མྱུར་ཚད་ཚོད་འཛིན་གྱི་གཏན་འབེབས་བྱས་པར་མ་ཟད། དེའི་ཐད་ནས་ཐི་ལང་ཕུའུ་དང་གྲོས་བསྡུར་ཡང་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།