ཙམ་པབ་ཝེའི་སྲིད་འཛིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ལ་ཆ་རྐྱེན་མེད་པར་བཀག་སྡོམ་མེད་པར་བཟོ་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཙམ་པབ་ཝེའི་སྲིད་འཛིན་མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཚེས25ཉིན་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཆ་རྐྱེན་ཅི་ཡང་མེད་པར་ཙམ་པབ་ཝེ་ལ་ལག་བསྟར་བྱས་པའི་བཀག་སྡོམ་མེད་པར་བཟོ་དགོས་པའི་འབོད་སྐུལ་བཏང་བ་དང་། བཀག་སྡོམ་འདི་དག་གིས་ཙམ་པབ་ཝེ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་ཐེབས་པ་མཚོན།

ཟླ10པའི་ཚེས25ཉིན་ནི“ལྷོ་རྒྱུད་ཧྥེ་གླིང་འཕེལ་རྒྱས་གཅིག་མཐུན་ཚོགས་པའི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་ཉིན་མོ”ཡིན་ཞིང་། མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཉིན་དེར་གཏམ་བཤད་སྤེལ་ནས་བསྟན་དོན། བཀག་སྡོམ་ལ་འཕྲད་ཀྱང་ཙམ་པབ་ཝེ་ཡིས་སྔར་བཞིན་འཕེལ་རྒྱས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་འཕེལ་རིམ་བྱུང་ཡོད་ཟེར།

མུའུ་ནན་ཅཱ་ཀུའུ་ཝ་ཡིས་བཤད་རྒྱུར། ཙམ་པབ་ཝེ་ཡིས་རྒྱལ་སྤྱིའི་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་རྒྱ་ཆེར་གཏོང་བ་དང་ས་ཁོངས་གཞི་གཅིག་ཅན་གཏིང་ཟབ་ཏུ་བཏང་ནས། ཁྲོམ་ར་གསར་འབྱེད་དང་དངུལ་གཏོང་ནང་འགུག དཔལ་འབྱོར་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན། ཁོས་ཙམ་པབ་ཝེ་ཡིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་བཀག་སྡོམ་མེད་པར་བཟོ་བར་བརྩོན་ལེན་བྱེད་བཞིན་ཡོད་པ་མ་ཟད། བྱེད་ཐབས་སྤྱད་ནས་འགྲན་རྩོད་ནུས་ཤུགས་མཐོར་འདེགས་གཏོང་བཞིན་ཡོད་ཟེར།

མི་སེར་སྤེལ་བའི་དུས་སྐབས་ཀྱི་ལོ་རྒྱུས་རྒྱུ་རྐྱེན་གྱི་དབང་གིས་ཙམ་པབ་ཝེ་ཡི་ས་ཞིང་མང་ཆེ་བ་ས་གནས་དེ་གའི་མི་དཀར་ཞིང་བདག་གི་ལག་ཏུ་བཟུང་ཡོད། 2000ལོར། ཙམ་པབ་ཝེའི་སྲིད་གཞུང་གིས་ས་ཞིང་བཅོས་སྒྱུར་བྱེད་འགོ་བརྩམས་ཏེ། མི་དཀར་ཞིང་བདག་གི་ས་ཞིང་རྒྱལ་ཁབ་ལ་དབང་བར་བྱས་པ་མ་ཟད་ས་ཞིང་མེད་པའི་མི་ནག་ལ་བགོས། བྱེད་ཐབས་འདིས་ཨ་རི་དང་དབྱིན་ཇི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཙམ་པབ་ཝེ་ལ་ལོ20ལྷག་གི་དཔལ་འབྱོར་བཀག་སྡོམ་ལག་བསྟར་བྱས། 2019ལོར། ལྷོ་རྒྱུད་ཧྥེ་གླིང་འཕེལ་རྒྱས་ཐུན་མོང་ཚོགས་པས་ལོ་རེའི་ཟླ10པའི་ཚེས25ཉིན་དེ“ལྷོ་རྒྱུད་ཧྥེ་གླིང་འཕེལ་རྒྱས་ཐུན་མོང་ཚོགས་པའི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་ཉིན་མོར”གཏན་འཁེལ་བྱས།

2024ལོའི་ཟླ3པར། སྐབས་དེའི་ཨ་རིའི་སྲིད་འཛིན་པའེ་ཏེང་གིས་སྲིད་འཛིན་བཀའ་རྒྱ་ཞིག་ལ་མིང་རྟགས་བཀོད་དེ། ཨ་རིས་དེ་སྔོན་ཙམ་པབ་ཝེ་ལ་ལོ20ལྷག་ལ་བཀག་སྡོམ་བྱས་པ་མཚམས་བཞག་པ་རེད། ཉིན་དེར། ཨ་རིའི་ནོར་སྲིད་པུའུ་ཡི་ཕྱི་རྒྱལ་གྱི་རྒྱུ་ནོར་ཚོད་འཛིན་གཞུང་ལས་ཁང་གིས་མུའུ་ནན་ཅཱ་ཀུའུ་ཝ་ཚུད་པའི་མི་སྒེར11དང་ཁེ་ལས3ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས། ཙམ་པབ་ཝེ་རུ་སྡོད་པའི་ཡོ་རོབ་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པས་ད་ལོའི་ཟླ2པར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཡོ་རོབ་མནའ་འབྲེལ་གྱིས་ཙམ་པབ་ཝེ་ཡི་མི་སྒེར་དང་ཁེ་ལས་ལ་དམིགས་པའི་ཡུལ་སྐོར་བཀག་རྒྱ་དང་རྒྱུ་ནོར་བཀག་སྡོམ་མེད་པར་བཟོས་མོད། འོན་ཀྱང་དུས་མཉམ་དུ་མཚོན་ཆ་སྐྱེལ་འདྲེན་བཀག་སྡོམ་ལོ་གཅིག་ཇེ་རིང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་ཟེར།

ཤ་བོ་རིན་མཚོས་བསྒྱུར།