ཁོ་ལོམ་པི་ཡའི་སྲིད་འཛིན་ཏི་ལ་ཨེ་སི་ཕུའུ་ལེ་ཡ་ཡིས་ཚེས25ཉིན་སྤྱི་འབྲེལ་སྨྱན་སྦྱོར་བརྒྱུད་ནས་བསྟན་དོན། ཁོ་ལོམ་པི་ཡ་དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱིས་ཉེ་ལམ་རྒྱལ་ཁབ་དེའི་ལྷོ་ནུབ་ས་ཁུལ་གྱི་ཁའོ་ཁ་ཞིང་ཆེན་དུ་མཉམ་འབྲེལ་དམག་དོན་འགུལ་སྐྱོད་སྤེལ་ཏེ། སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་དྲག་ཆས་ཚོགས་པ་སྟེ"ཁོ་ལོམ་པི་ཡའི་མི་རིགས་བཅིངས་འགྲོལ་དྲག་ཆས་རུ་དཔུང་"གི་ཁོངས་མི་བཅུ་བསད་པ་དང་། དེའི་ཁྲོད་གཙོ་གནད་འགོ་བ་གཉིས་ཚུད་ཡོད།
ཏི་ལ་ཨེ་སི་ཕུའུ་ལེ་ཡ་ཡིསས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ནི་འདས་པའི་ལོ་བརྒྱད་རིང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་དྲག་ཆས་ཚོགས་པར་རྡུང་རྡེག་ཆེས་དྲག་པོ་བཏང་བ་ཞིག་ཡིན་ལ། དེས་དྲག་ཆས་རྩ་འཛུགས་ཀྱི་བཀོད་འདོམས་མ་ལག་དང་དམག་འཐབ་ནུས་པ་ཉམས་དམས་སུ་བཏང་ཡོད་པར་མ་ཟད། དེས་ཁོ་ལོམ་པི་ཡ་ཞི་བདེ་རྒྱ་མཚོའི་འགྲམ་རྒྱུད་ཀྱི་འཐབ་ཇུས་བགྲོད་ལམ་དང་འབྲེལ་ཡོད་ས་ཁོངས་ཚོད་འཛིན་བྱེད་འདོད་ཀྱི་རེ་ངན་ཡང་ཕམ་ཉེས་སུ་བཏང་ཡོད་ཟེར། འགུལ་སྐྱོད་ཁྲོད་དམག་མི་དང་ཉེན་རྟོག་པས་རིང་མདའ་བདུན་དང་། དཀྲུམ་མདའ་གཅིག ལག་འབོམ་གཉིས་བཅས་མཚོན་ཆ་རིགས་གསུམ་གཞུང་བཞེས་བྱས་པ་མ་ཟད། མི་གྲངས་ཉེར་ལྔ་ཙམ་ཤོང་ཐུབ་པའི་དམག་སྒར་ཞིག་ཀྱང་ཤེས་རྟོགས་བྱུང་།
"ཁོ་ལོམ་པི་ཡའི་མི་རིགས་བཅིངས་འགྲོལ་དྲག་ཆས་རུ་དཔུང"ཞེས་པ་ནི1964ལོར་བཙུགས་པ་དང་། ཚོགས་མི་སྟོང་ཕྲག་ལྷག་ཡོད། རྩ་འཛུགས་འདི་ནི་ཨ་རི་དང་ཡོ་རོབ་མནའ་འབྲེལ་གྱིས་འཇིགས་སྐུལ་རྩ་འཛུགས་ལ་ངོས་འཛིན་བྱས་ཡོད་ལ། གཙོ་བོ་ཁོ་ལོམ་པི་ཡའི་ནང་ཁུལ་གྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་འགྲམ་ས་ཁུལ་དང་། ཁོ་ལོམ་པི་ཡ་དང་ཝེ་ནེ་ཙུའེ་ལ་ཡི་འདབས་འབྲེལ་ས་ཁུལ་དག་ཏུ་འགུལ་སྐྱོད་བྱེད་བཞིན་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།