དབྱི་སི་རལ་གྱིས་ཅཱ་ཧྲའི་ས་ཁུལ་མང་པོར་མཁའ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།
ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས་ཉེར་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་ཅཱ་ཧྲ་ས་ཁུལ་མང་པོར་མཁའ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་ཅེས་བརྗོད་ཡོད།
ཅཱ་ཧྲ་གྲོང་ཁྱེར་ཞི་ཧྥ་སྨན་ཁང་གི་འབྲེལ་ཡོད་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ར་སྤྲོད་བྱས་པ་ལྟར་ན། ཉིན་དེར་སྨན་ཁང་དེར་འདས་པོ་གསུམ་གྱི་བེམ་པོ་འབྱོར་བ་དང་། མི་འདི་དག་ནི་དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དབྱི་སི་ལན་སློབ་ཆེན་ལ་མཁའ་རྒོལ་བྱས་པའི་ཁྲོད་བསད་པ་ཡིན་ལ། ཅཱ་ཧྲ་གྲོང་ཁྱེར་བྱང་ཕྱོགས་སུ་དབྱི་སི་རལ་དམག་དཔུང་གི་མི་མེད་གནམ་གྲུ་ཞིག་གིས་ཧ་མ་ཏི་སྨན་ཁང་ཉེ་འགྲམ་དུ་འཇབ་རྒོལ་བྱས་ཏེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། བྱིས་པ་གཅིག་ཚུད་པའི་མི3ལ་རྨས་སྐྱོན་ཕོག
ཏའེ་འར་པེ་ལ་ཧི་གྲོང་ཁྱེར་ཨ་ཁི་ས་སྔོན་གཤེགས་དཔའ་བོའི་སྨན་ཁང་གི་རྒྱུས་ཡོད་མི་སྣས་བཤད་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེར་མི་མེད་གནམ་གྲུས་གྲོང་ཁྱེར་དེར་འཇབ་རྒོལ་བྱས་ཏེ་མི་གཅིག་རྐྱེན་ལམ་ཤོར།
ཅཱ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་ནཱ་སེ་ཨར་སྨན་ཁང་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ཤིག་གི་ཁྲོད་དུ། དབྱི་སི་རལ་གྱིས་མཚོ་འགྲམ་དུ་ཆགས་པའི་མ་ཝ་ཞི་ས་ཁུལ་ལ་མཁའ་རྒོལ་བྱས་ཏེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་ལ་རྨས་སྐྱོན་ཕོག་ཡོད་ཟེར།

ཅཱ་ཧྲའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོའི་ཟླ10པའི་ཚེས10ཉིན་དམག་འཁྲུག་མཚམས་འཇོག་པའི་གྲོས་ཡིག་ལག་བསྟར་བྱས་པ་ནས་བཟུང་། ཕ་ལེ་སི་ཐན་གྱི་མི1551ཙམ་དབྱི་སི་རལ་དམག་དཔུང་གི་དམག་དོན་འགུལ་སྐྱོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི5573ལ་རྨས་སྐྱོན་ཕོག་ཟེར། 

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།