
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་ཚེས26ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱིས་པ་དང་དྲག་ཆས་འགལ་བའི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་དེ། འཁྲུག་རྩོད་མཚམས་བཞག་ནས་བྱིས་པར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁོས་བཤད་རྒྱུར། བྱིས་པར་སྲུང་སྐྱོབ་བྱེད་པའི་ཆེས་ཐད་ཀར་དང་ཆེས་ནུས་ལྡན་གྱི་བྱེད་ཐབས་ནི་མགྱོགས་མྱུར་སྒོས་འགལ་བ་དང་དྲག་ཤུགས་འཇུག་སྒྲིལ་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འགལ་བའི་ཕྱོགས་སོ་སོས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དམིགས་ཡུལ་དང་རྩ་དོན་བརྩི་སྲུང་བྱས་ནས། དགྲ་བོར་དམིགས་པའི་བྱ་སྤྱོད་མཚམས་འཇོག་པ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་བརྩི་སྲུང་ནན་མོ་བྱས་ཏེ། བྱིས་པ་དང་སློབ་གྲྭ་སོགས་མང་ཚོགས་དང་དམངས་སྤྱོད་སྒྲིག་བཀོད་ལ་འཇབ་རྒོལ་མི་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན། ཕྱོགས་སོ་སོས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཐུབ་པ་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་འོས་མཚམས་བྱས་ཏེ། གནད་དོན་གཙོ་བོ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། མི་ཆོས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགལ་བའི་ས་ཁུལ་གྱི་ཆོག་འཐུས་ཆ་རྐྱེན་འཐུས་ཚང་དུ་བཏང་ནས། བྱིས་པར་དུས་ཐོག་ཏུ་དགོས་ངེས་ཀྱི་རོགས་སྐྱོབ་དང་སེམས་ཁམས་རྒྱབ་སྐྱོར་ཐོབ་པར་འགན་ལེན་བྱེད་དགོས།
ཁོས་བཤད་རྒྱུར། ཕ་ལེ་སི་ཐན་གྱིས་བཙན་བཟུང་ཐེབས་པའི་མངའ་ཁོངས་དང་མཚོ་ས་སོགས་ཀྱི་བྱིས་པ་རྣམས་འགལ་བ་དང་དྲག་ཤུགས་ཀྱི་ལས་ཡུལ་དང་པོར་གནས་པས། དུས་ཡུན་རིང་བོར་གནོད་འཚེ་དང་འཇིགས་སྐུལ་ཚབས་ཆེན་མྱོང་བཞིན་ཡོད་ལ། མི་རབས་རེ་རེའི་མཛེས་སྡུག་གི་བྱིས་དུས་བཙན་འཕྲོག་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། གང་འདོད་ལྟར་བྱིས་པ་དམར་གསོད་བྱེད་པའི་བྱ་སྤྱོད་ལ་འགན་འདྲི་ནན་མོ་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་བྱིས་པ་དང་དྲག་ཆས་འགལ་བའི་གནད་དོན་གྱི་ཆེད་དམིགས་འཐུས་མིས་འགན་སྒྲུབ་ནན་མོ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་ཚད་ལེན་སྙན་ཞུའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱིས་པའི་ཚན་ཆུང་གིས་དུས་ལྟར་འབྲེལ་ཡོད་རྒྱལ་ཁབ་གཞན་པའི་སྙན་ཞུར་གྲོས་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ལ། ཕྱོགས་སོ་སོས་ནུས་ལྡན་བྱ་སྤྱོད་སྤྱད་དེ་བྱིས་པར་དམིགས་པའི་དྲག་ཤུགས་བྱ་སྤྱོད་མཚམས་འཇོག་པའི་སྐུལ་མ་བཏང་བ་ཡིན།
ཁོས་བཤད་རྒྱུར། འཕེལ་རྒྱས་ནི་འགལ་བའི་འབྱུང་ཁུངས་ཐག་གཅོད་པའི་བྱེད་ཐབས་གཙོ་བོ་ཡིན་པས། དོ་བདག་རྒྱལ་ཁབ་སྲིད་གཞུང་གིས་འབྲུ་རིགས་དང་སློབ་གསོ། སྨན་བཅོས། ལས་ཞུགས་སོགས་རྨང་གཞིའི་དམངས་འཚོའི་དགོས་མཁོར་འགན་སྲུང་བྱེད་པར་རྒྱབ་སྐྱོར་བྱས་ནས། བྱིས་པ་འཚར་ལོངས་དང་འཕེལ་རྒྱས་ཁོར་ཡུག་ལེགས་བཅོས་བྱས་ཏེ། བྱིས་པ་རྣམས་འཁྲུག་རྩོད་དང་དྲག་ཤུགས་ཀྱི་ཤུགས་རྐྱེན་ལས་ཐར་བར་བྱེད་དགོས། མི་ཐབས་རིག་ནུས་སོགས་གསར་དར་ལག་རྩལ་གྱི་བག་ཤུགས་ལུགས་མཐུན་ངང་འདོན་སྤེལ་བྱེད་པ་དང་། མི་གཞི་རྩར་འཛིན་རྒྱུ་དང་དགེ་ཕྱོགས་ལ་བརྩོན་རྒྱུ་རྒྱུན་འཁྱོངས་བྱེད་པ། འགལ་བའི་ཁྲོད་བྱིས་པའི་སློབ་གསོ་མྱོང་བའི་ཁེ་དབང་ལ་འགན་སྲུང་བྱེད་པ། ཤུགས་ཆེན་པོས་གྲངས་ཀའི་ཞན་ཆ་གསབ་པ་བཅས་བྱས་ནས་གོ་ལ་ཧྲིལ་བོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་སྔར་ལས་མང་པོར་ཕན་འདོགས་པར་འགན་ལེན་བྱེད་དགོས།
ཁོས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་བར་མཉམ་ལས་ཟབ་མོ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། འགལ་བའི་དོ་བདག་རྒྱལ་ཁབ་ཀྱིས་བྱིས་པ་སྲུང་སྐྱོབ་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཧྥེ་གླིང་དང་བཅས་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་འདོན་སྤྲོད་བྱེད་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མེ་མདའི་དྲག་ཤུགས་མེད་པར་བྱེད་པ་དང་རོགས་སྐྱོར་རོགས་སྐྱོབ་ལ་ཤུགས་བསྣན་ནས། འཛམ་གླིང་ཡོངས་ཀྱི་བྱིས་པ་རྣམས་ཞི་བདེ་བདེ་འཇགས་ཀྱི་ཁོར་ཡུག་ཁྲོད་བདེ་ཐང་ངང་འཚར་ལོངས་འབྱུང་བར་བྱས་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་འདོད་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།