དབྱི་ལང་གིས་དབྱིན་ཇིའི་མཚོ་དམག་དང་མཁའ་དམག་གཉིས“འཇིགས་སྐུལ་རྩ་འཛུགས”ཀྱི་གྲས་སུ་བརྩིས།
ཁུངས། ཀློག་གྲངས།

དབྱི་ལང་ཕྱི་འབྲེལ་པུའུ་ཡིས་ཚེས1ཉིན་གསལ་བསྒྲགས་སྤེལ་ནས་བསྟན་དོན། དབྱི་ལང་གི་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་ནས་དབྱིན་ཇིའི་མཚོ་དམག་དང་མཁའ་དམག་གཉིས“འཇིགས་སྐུལ་རྩ་འཛུགས”ཀྱི་གྲས་སུ་འཇོག་རྒྱུ་ཡིན་པ་མ་ཟད། དབྱིན་ཇིའི་གསང་འཕྲིན་ཅུས“དགྲ་ཕྱོགས་ཚོགས་པར”ངོས་འཛིན་བྱ་རྒྱུ་ཡིན།

གསལ་བསྒྲགས་ལས་བསྟན་དོན། འདས་པའི་ལོ་གཅིག་རིང་དབྱིན་ཇི་སྲིད་གཞུང་གིས་དབྱི་ལང་ལ་དགྲར་འཛིན་འགུལ་སྐྱོད་སྤེལ་བ་དང་། དབྱིན་ཇིའི་མངའ་ཁོངས་ཀྱི་དམག་དོན་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རྟེན་གཞིའི་སྒྲིག་བཀོད་མཁོ་འདོན་བྱས་པར་བརྟེན་ནས་ཨ་རི་དང་དབྱི་སི་རལ་གྱིས་དབྱི་ལང་ལ་དམག་འཐབ་བྱེད་པའི་ཁྲོད་ཞུགས་པ་མ་ཟད། ད་རུང་དབྱི་ལང་གི་དབྱི་སི་ལན་གསར་བརྗེ་རུ་ཁག་ནི་ཁྲིམས་འགལ་གྱི་རྩ་འཛུགས་ཤིག་ལ་བརྩིས་པ་རེད།  དབྱི་ལང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་དབྱིན་ཇི་སྲིད་གཞུང་གིས་འདས་པའི་ལོ་གཅིག་རིང་གི་དགྲར་འཛིན་འགུལ་སྐྱོད་ལ་གཞིགས་ཏེ། དབྱི་ལང་ཕྱི་འབྲེལ་པུའུ་ཡིས་དབྱིན་ཇིའི་མཚོ་དམག་དང་མཁའ་དམག་དེ“འཇིགས་སྐུལ་རྩ་འཛུགས”ཀྱི་གྲས་སུ་བརྩི་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་མ་ཟད། དམག་དོན་གནས་ཚུལ་གྱི་ཕྱོགས་དྲུག་པོ་དེ་ཡང“དགྲ་ཕྱོགས་ཚོགས་པར”ངོས་འཛིན་བྱས།

གསལ་བསྒྲགས་ལས་དབྱི་ལང་སྲིད་གཞུང་གིས་དབྱིན་ཇི་སྲིད་གཞུང་ནས་དབྱི་ལང་ལ་བཟུང་བའི་སྲིད་ཇུས་དང་འགུལ་སྐྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འདི་ལྟ་བུའི་སྲིད་ཇུས་དང་འགུལ་སྐྱོད་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་དང་འགལ་ཡོད་པ་བསྟན། དབྱི་ལང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་དབྱི་ལང་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་བསྐྱར་བསྒྲགས་བྱས།

དབྱིན་ཇི་སྲིད་གཞུང་གིས་ཟླ7པའི་ཚེས13ཉིན་གྲོས་ཚོགས་ལ་ཁྲིམས་སྲོལ་འཆར་ཟིན་སྤྲད་ནས་དབྱི་ལང་གི་དབྱི་སི་ལན་གསར་བརྗེའི་སྐུ་སྲུང་རུ་ཁག་སོགས་རྩ་འཛུགས3“ཁྲིམས་འགལ་རྩ་འཛུགས”ཀྱི་གྲས་སུ་འཇོག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། དབྱི་ལང་ཕྱི་འབྲེལ་པུའུ་ཡིས་དེའི་རྗེས་ནས་དབྱིན་ཇི་སྲིད་གཞུང་གི་བྱེད་སྟངས་དེར་རྒོལ་གཏམ་བཏང་བ་མ་ཟད། དབྱིན་ཇི་ལ་ཆབ་སྲིད་དང་། བཅའ་ཁྲིམས། ཕྱི་འབྲེལ་བཅས་ཀྱི་མཇུག་འབྲས་འབྱུང་སྲིད་པའི་ཐ་ཚིག་ཀྱང་བསྒྲགས།