སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་མཉམ་འབྲེལ་དམག་དཔུང་གིས་ཧུའུ་སེ་དྲག་ཆས་ལ་གནད་འཁེལ་རྡུང་རྡེག་བཏང་ཡོད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་མཱ་ལི་ཅི་ཡིས་ཟླ11པའི་ཚེས1ཉིན་སྤྱི་ཚོགས་སྨྱན་སྦྱོར་སྟེང་བཤད་རྒྱུར། མཉམ་འབྲེལ་དམག་དཔུང་གིས་ཉིན་དེའི་སྔ་དྲོར་གནད་འཁེལ་གྱི་དམག་དོན་རྡུང་རྡེག་འགུལ་སྐྱོད་ཐེངས་གཅིག་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ཡེ་མེན་ཧུའུ་སེ་དྲག་ཆས་ཀྱིས་ཁོ་ཚོའི་དམག་དོན་འགུལ་སྐྱོད་ཐད་བཀོལ་རྒྱུའི་ཐོན་ཁུངས་གཙོ་བོ་རྩ་གཏོར་དུ་གཏོང་རྒྱུ་དེ་ཡིན།

མཱ་ལི་ཅི་ཡིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་འཇབ་རྒོལ་བྱས་པ་དེས་མང་ཚོགས་ཀྱི་ཚེ་སྲོག་དང་དམངས་སྤྱོད་སྒྲིག་བཀོད་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པར་མ་ཟད། སོ་ཏི་ཨ་རབ་དང་ཡེ་མེན།   ཧུང་ཧའེ་ལྷོ་རྒྱུད་ཀྱི་མཚོ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་བཅས་ལ་འཇིགས་སྐུལ་ཐེབས་ཡོད། མཉམ་འབྲེལ་དམག་དཔུང་གིས་མུ་མཐུད་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས། ཧུའུ་སེ་དྲག་ཆས་ཀྱིས་ཐོན་ཁུངས་གཙོ་བོ་སྤྱད་དེ་ཁོ་ཚོའི་དམག་དོན་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་པར་བཀག་འགོག་བྱ་རྒྱུ་ཡིན།

གསལ་སྒྲོག་ལས་ཐེངས་འདིའི་དམག་དོན་འགུལ་སྐྱོད་ཀྱི་བྱེ་བྲག་གི་ས་གནས་དང་རྡུང་རྡེག་མཇུག་འབྲས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་རུང་མ་བསྒྲགས་པ་རེད།

ལྷ་མོ་འཚོས་བསྒྱུར།