ཝེ་ཐེ་ཁོ་ཧྥུའུ་ཡིས་ཨ་རི་ཕྱོགས་ཀྱིས་ཚེས10ནས་ཚེས11ཉིན་བར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་བར་འདུམ་གྲོས་མོལ་བྱ་རྒྱུ་ཡིན་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་རིའི་སྲིད་འཛིན་གྱིཆེད་བསྐོས་ཕོ་ཉ་ཝེ་ཐེ་ཁོ་ཧྥུའུ་ཡིས་ཚེས2ཉིན་སྤྱི་ཚོགས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཨ་རི་ཕྱོགས་ཀྱིས་ཚེས10ནས11ཉིན་བར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པོའུ་ཀྲ་པེ་རུ་ཝུའུ་ཁི་ལན་དང་ཨུ་རུ་སུའི་དབར་གྱི་ལས་རིམ་དང་གྲོས་མོལ་བྱས་ཏེ། ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་འགལ་བ་མཇུག་བསྒྲིལ་བར་སྐུལ་འདེད་གཏོང་རྒྱུ་རེད་ཟེར།

ཝེ་ཐེ་ཁོ་ཧྥུའུ་ཡིས་བཤད་རྒྱུར། གྲོས་མོལ་སྟེང་དམག་འཁྲུག་མཇུག་བསྒྲིལ་རྗེས་ཀྱི་བདེ་འཇགས་བཀོད་སྒྲིག་དང་། གནས་བབ་ཞི་ལྷོད་དུ་གཏོང་བ། མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་སྤེལ་བ་དང་ཞི་བདེ་མངོན་འགྱུར་ཡོང་བའི་རྗེས་ཀྱི་ལས་རིམ་བཀོད་སྒྲིག་བྱ་རྒྱུ་ཡིན་ལ། དེ་མིན། ཨ་རིའི་གྲོས་མོལ་འཐུས་མིས་གཟའ་འཁོར་འདིའི་ནང་པེར་ཀྲེམ་གྱི་པུ་རུ་སེར་རུ། ཧྥ་རན་སི་དང་། འཇར་མན། དབྱིན་ཇི། ཡོ་རོབ་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་བཅས་ཀྱི་འཐུས་མི་དང་ཐུག་འཕྲད་བྱས་ནས། ཝུའུ་ཁི་ལན་གྱི་བདེ་འཇགས་འགན་ལེན་དང་ཡོ་རོབ་ཀྱི་དམག་འཁྲུག་རྗེས་ཀྱི་བདེ་འཇགས་སྒྲོམ་གཞི། ད་དུང་དམག་འཁྲུག་རྗེས་སུ་ཝུའུ་ཁི་ལན་བསྐྱར་སྐྲུན་ལ་ཅི་ལྟར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྲོས་མོལ་བྱ་རྒྱུ་རེད་ཟེར།

ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱིས་ཟླ10པའི་ཚེས21ཉིན་ཧྲེང་པི་ཏེ་པའོ་རུ་འཚམས་འདྲིར་ཡོང་བའི་ཝེ་ཐེ་ཁོ་ཧྥུའུ་དང་ཆུ་ཚོད3རིང་ཐུག་འཕྲད་བྱས། ཕུའུ་ཅིན་གྱིས་ཐུག་འཕྲད་སྐབས་བཤད་རྒྱུར། ཨུ་རུ་སུ་ཕྱོགས་ཀྱིས་ཟླ11པའི་ཟླ་དཀྱིལ་དུ་ཨུ་རུ་སུ་དང་། ཨ་རི། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་ཡང་བསྐྱར་འཚོག་པར་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། གྲོས་གཞི་གཙོ་བོ་ནི་དམག་འཁྲུག་མཇུག་སྒྲིལ་རྗེས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་བདེ་འཇགས་མ་ལག་འཛུགས་སྐྲུན་དང་འབྲེལ་བ་ཡོད་ཟེར། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཉིན་དེར་བཤད་རྒྱུར། འདི་ནི་ཨུ་རུ་སུ་དང་ཝུའུ་ཁི་ལན་བར་གྱི་དམག་འཁྲུག་མཇུག་སྒྲིལ་བའི་དུས་སྐབས་ཆེས་བཟང་བོ་ཡིན་སྲིད་ཟེར།

ཟླ10པའི་ཚེས30ཉིན། ཨུ་རུ་སུའི་སྲིད་འཛིན་ལས་རོགས་པ་ཝུའུ་ཧྲ་ཁོའོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སུ་ཕྱོགས་ཀྱིས་ཨ་རིའི་བར་འདུམ་འོག་ཨ་པུའུ་ཀྲ་པེ་རུ་ཝུའུ་ཁི་ལན་ཕྱོགས་དང་ཕྱོགས་གསུམ་གྱི་གྲོས་མོལ་བྱ་རྩིས་ཡོད་པ་དང་། གྲོས་མོལ་དེ་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་པར“ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན”ཟེར།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།