
ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས2ཉིན་བསྟན་དོན། དབྱི་ལང་གི་དམག་འཁྲུག་བསྐྱར་དུ་འགོ་རྩོམ་མིན་ཐད་ནས་ཐག་གཅོད་རྒྱུར་བྲེལ་བ་ལངས་མེད་ཟེར།
ཐི་ལང་ཕུའུ་ཡིས་ཉིན་དེར་ཨ་ཁི་ཞི་ཨོ་སི་གསར་འགྱུར་དྲ་ཚིགས་ཀྱི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ང་ཚོས་ཡིན་གཅིག་མིན་གཉིས་འགུལ་སྐྱོད་ལག་ཏུ་བསྟར་རྒྱུ་ཡིན་ཀྱང་བྲེལ་བ་ལངས་མེད་པ་དང་། ང་ཚོས་དཔལ་འབྱོར་ཐད་ནས་ཁོ་ཚོར་རོགས་རམ་བྱས་ཡོད་ཅེས་ཟེར། ཁོས་ད་རུང་བཤད་རྒྱུར། ཨ་རི་དང་དབྱི་ལང་གིས་གྲོས་མོལ་བྱེད་བཞིན་པའི་སྒང་ཡིན་ལ། གྲོས་མོལ་གྱི་བརྒྱུད་རིམ་བདེ་བླག་ཡིན་པ་དང་། དབྱི་ལང་ཕྱོགས་ཚང་མའི་བསམ་ཚུལ་ལྟར་བྲེལ་བ་ལངས་བཞིན་མེད་མོད། འོན་ཀྱང་ཁོ་ཚོས་སྔར་ལས་གྲོས་ཆོད་འགོད་འདོད་ཡོད་ཟེར།
ཐི་ལང་ཕུའུ་ཡིས་ཉིན་དེར་ཝ་ཧྲིན་ཐོན་གྱི་བྱེད་སྒོ་ཞིག་གི་སྟེང་བསྟན་དོན། དབྱི་ལང་གིས་གྲོས་ཆོད་བཀོད་དེ་དམག་འཁྲུག་མཇུག་སྒྲིལ་འདོད་ཡོད་པས། གྲོས་ཆོད་ལ་མིང་རྟགས་འགོད་ངེས་ཡིན་ཟེར།
ཐི་ལང་ཕུའུ་ཡིས་ཉེ་ལམ་ཐེངས་མང་པོར་འཇིགས་སྣང་སྐུལ་ནས་དབྱི་ལང་ལ་ཡང་བསྐྱར་དམག་དོན་རྡུང་རྡེག་བྱས། ཨ་རིའི་སྨྱན་བྱད་ཀྱིས་བསྒྲགས་རྒྱུར། ཨ་རིའི་དམག་ཕྱོགས་ཀྱིས་དབྱི་ལང་སྐོར་ཐེངས་གསར་བའི་གཞི་ཁྱོན་ཆེ་བའི་རྡུང་རྡེག་གཏོང་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཡོད་ལ། ཐི་ལང་ཕུའུ་ཡིས་ཟླ11པར་ཨ་རིའི་དུས་རིམ་བར་མའི་འདེམ་བསྐོའི་རྗེས་སུ་འགུལ་སྐྱོད་ཀྱི་བཀའ་བསྒྲག་སྲིད་ཅེས་ཟེར།
ཨ་ཁི་ཞི་ཨོ་སི་གསར་འགྱུར་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཐི་ལང་ཕུའུ་ཡིས་མིག་སྔར་གནས་སྐབས་སུ་ཐབས་གཉིས་མཉམ་སྤྱོད་ཀྱི་ཇུས་ཆོད་སྤྱོད་པ་སྟེ། མུ་མཐད་དུ་གྲོས་མོལ་བྱེད་པ་དང་། དེ་དང་མཉམ་དུ་གྲ་སྒྲིག་ལེགས་པོ་བྱས་ནས། གལ་ཏེ་གྲོས་ཆོད་མ་བཀོད་ཚེ། ཡང་བསྐྱར་དམག་འཁྲུག་གི་འགོ་བརྩམ་རྒྱུ་རེད་ཟེར།
དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས2ཉིན་བསྒྲགས་པ་ལྟར་ན། དབྱི་ལང་གི་ཕྱི་འབྲེལ་དཔོན་ཨ་ལ་ཀི་ཆི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འདུམ་འགྲིག་ཕྱོགས་ཁ་ཐཱར་དང་ཕ་ཁི་སི་ཐན་བརྒྱུད་དེ་དབྱི་ལང་དང་ཨ་རིའི་བར་བརྒྱུད་པའི་གྲོས་མོལ་དམ་ཟབ་བྱས་པས། དབྱི་ལང་གིས་རང་ཉིད་ཀྱི་ཆ་རྐྱེན་བཏོན་ཡོད་ཟེར།
ལྷ་མོ་འཚོས་བསྒྱུར།