
འཇར་མན་གྱི་རྒྱལ་སྲུང་པུའུ་ཀྲང་ཕི་སི་ཐོ་ལི་ཝུའུ་སི་དང་དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་སི་ཐེ་ལི་གཉིས་ཀྱིས་ཚེས2ཉིན་པོ་ལིན་དུ་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་མི་ཐབས་རིག་ནུས་དང་། རྒྱང་བསྟེན་གནད་ཁེལ་རྡུང་རྡེག མཁའ་དབྱིངས་སོགས་ཁྱབ་ཁོངས་ཀྱི་འགོག་སྲུང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བར་གྲོས་མཐུན་བྱུང་།
ཚོགས་འདུའི་རྗེས་སུ་རྒྱལ་སྲུང་དམག་དཔོན་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་ལྟར་ན། ཕྱོགས་གཉིས་ཀྱིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པར་དམིགས་པའི“དྲ་རྒྱའི་སྒྲོན་ལྕོག་ལས་གཞི”མི་ཐབས་རིག་ནུས་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏོང་རྒྱུ་དང་། འབྲེལ་ཡོད་ལག་རྩལ་གྱི་ཞིབ་འཇུག་གསར་སྤེལ་དང་། ཚོད་ལྟ། བེད་སྤྱོད་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་གཏན་ཁེལ་བྱས།
གསལ་བསྒྲགས་ནང་། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་སྒོས་སྤྱི་ལེ2000ལས་བརྒལ་བའི་རྒྱང་བསྟེན་གནད་ཁེལ་རྡུང་རྡེག་ནུས་པའི་ལས་གཞི་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ། མཚོ་ཐོག་འགོག་སྲུང་མཉམ་ལས་ཐད་རྒྱལ་ཁབ་གཉིས་ཀྱི་གོ་མཚོན་གཙོ་གཉེར་དཔོན་ཀྱིས་ཉིན་དེར་དབྱིན་ཇིའི“ཕུའུ་ཉ”ཞེས་པའི་ཡང་རྣམ་ཉ་མདེལ་ཉོ་སྒྲུབ་བྱ་རྒྱུའི་སྐོར་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད། ཕྱོགས་གཉིས་ཀྱིས་ད་དུང་མཁའ་དམག་གི་མཉམ་ལས་ལ་ཤུགས་བསྣན་ནས། མི་མེད་གནམ་གྲུ་དང་མཐུན་སྦྱོར་དམག་འཐབ་ཀྱི་ནུས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་བསྟན།
གསལ་བསྒྲགས་ནང་། ཕྱོགས་གཉིས་ཀྱིས་བར་སྣང་འགོག་སྲུང་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་སྲུང་སྐར་འཕྲིན་གཏོང་དང་། སའི་གོ་ལའི་ལྟ་ཞིབ་ཚད་ལེན། གཞི་གྲངས་བེད་སྤྱོད། བར་སྣང་གི་རྣམ་པ་ཤེས་རྟོགས་སོགས་ཁྱབ་ཁོངས་སུ་མཉམ་ལས་འཚོལ་ཞིབ་བྱ་རྒྱུ་ཡིན་པ་བསྟན།
འཇར་མན་དང་དབྱིན་ཇི་གཉིས་ཀྱིས2024ལོའི་ཟླ10པར《གནས་གསུམ་གཞི་གཅིག་གི་འགོག་སྲུང་གྲོས་མཐུན》ལ་མིང་རྟགས་བཀོད་དེ། ཕྱོགས་གཉིས་ཀྱི་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཐུན་མོང་གི་ཟིལ་ཤུགས་ཆེ་རུ་བཏང་།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།