
ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་ཚེས9ཉིན་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཝུའུ་ཁོ་ལན་གྱི་གྲོས་མོལ་འཐུས་ཚབ་ཚོགས་པ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེ་རུ་འབྱོར་ནས། ཉེ་ལམ་འཚོག་ལ་ཉེ་བའི་ཨུ་རུ་སུ་དང་ཨ་རི། ཝུའུ་ཁོ་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་ལ་ཞུགས་རྒྱུ་རེད་ཟེར།
ཙེ་ལན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁོ་ལན་གྱི་འཐུས་ཚབ་ཚོགས་པས་ཡོ་རོབ་གླིང་གི་གྲོགས་པོ་དང་ཐུག་འཕྲད་བྱས་ཤིང་། དེའི་དམིགས་ཡུལ་གཅིག་པུ་ནི་ཞི་བདེ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཟེར།
ཝུའུ་ཁོ་ལན་སྨྱན་བྱད་ཀྱིས་ཚེས9ཉིན་བསྒྲགས་པ་ལྟར་ན། གྲོས་མོལ་ལ་ཞུགས་པའི་ཝུའུ་ཁོ་ལན་གྲོས་མོལ་འཐུས་ཚབ་ཚོགས་པ་འི་ཁོངས་མིའི་ནང་ཕྱི་ཕྱོགས་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་ཝུའུ་མེ་ལའོ་ཧྥུའུ་དང་སྲིད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་པུའུ་ཏཱ་ནའོ་ཧྥུའུ། སྲིད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་དང་པོ་ཅི་སི་ལི་ཁྲ། རྒྱལ་སྲུང་པུའུ་གསང་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སི་ཅི་པི་ཚི་ཅི་དང་། མི་དམངས་གཞུང་ཞབས་ཏང་གྲོས་ཁང་ཏང་ཚོགས་ཀྱི་ཀྲུའུ་ཞི་ལཱ་ཧཱ་སྨི་ཡཱ་བཅས་ཡོད་ཟེར།
གཞན་གནས་ཚུལ་ཤེས་མཁན་ཞིག་གིས་བཤད་པ་ལྟར་ན། ཨུ་རུ་སུའི་འཐུས་ཚབ་ཚོགས་པ་ནི་ཨུ་རུ་སུའི་སྲིད་འཛིན་ལས་རོགས་མའེ་ཅིན་སི་ཅི་ཡིས་སྣེ་ཁྲིད་པ་དང་། དེའི་ཁོངས་མིར་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་དང་ཅཱ་ལུའུ་ཅིན། དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་ཇུས་འདོན་པུའུ་གསང་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཁི་སི་ཆིའུ་ཁི་ཧྥུའུ་སོགས་ཡོད་ཟེར། གནས་ཚུལ་ཤེས་མཁན་གྱིས་ད་རུང་བཤད་རྒྱུར། ཨ་རིའི་སྲིད་འཛིན་གྱི་ཆེད་བསྐོས་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་སྲིད་འཛིན་ཐི་ལང་ཕུའུ་ཚང་གི་མག་པ་ཁུའུ་ཧྲི་ནཱ་ཡང་གྲོས་མོལ་ལ་ཞུགས་རྒྱུ་རེད་ཟེར།
ཨུ་རུ་སུ་དང་ཨ་རི། ཝུའུ་ཁོ་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་དེ་ཚེས10ཉིན་ནས་ཚེས11ཉིན་བར་ཨབ་ཀྲ་པེ་རུ་འཚོག་རྒྱུ་ཡིན་པ་དང་། འདི་ནི་ད་ལོའི་ཟླ2པར་གྲོས་མོལ་མཚམས་བཞག་པའི་ཚུན་ལ། ཕྱོགས་གསུམ་ཀྱིས་ཟླ་དགུ་འགོར་རྗེས་ཡང་བསྐྱར་མཉམ་དུ་གྲོས་མོལ་གྱི་འགོ་བརྩམས་པ་རེད།
ལྷ་མོ་འཚོས་བསྒྱུར།