
ཟླ11པའི་ཚེས9ཉིན། ཨུ་རུ་སུའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིས་ཡ་པུའུ་ཁོ་ཧྥུའུ་ཡིས་ཉིན་དེར་ཡོ་རོབ་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི། “ཡོ་རོབ་དམག་དོན་ཅན་དུ་གྱུར་སོང་ན་གོམ་སྟབས་རྗེས་མར་ཇི་ལྟར་འགྱུར་སྲིད་དམ”ཞེས་པ་བརྗོད་དོན་ཡིན་པའི་སྒོར་ཅོག་ཚོགས་འདུའི་ཐོག་ཏུ་བཤད་རྒྱུར། ཨུ་རུ་སུས“བསམ་བཞིན་དང་འཆར་གཞི་མེད་པ། རྒྱུ་མཚན་མེད་པའི”སྒོ་ནས་ཡོ་རོབ་ལ་ཕར་རྒོལ་བྱེད་མི་སྲིད་ཅེས་བཤད།
ལིས་ཡ་པུའུ་ཁོ་ཧྥུའུ་ཡིས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཡོ་རོབ་ས་ཁུལ་གྱི་དམག་དོན་གདོང་ཐུག་དེ། “ཧ་ལམ་གཏན་འཁེལ་དང་གཡོལ་ཐབས་མེད་པའི”བྱ་བ་ཞིག་ཏུ་བརྩིས་ནས་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། ཁོས་ ཨུ་རུ་སུ་ཕྱོགས་ཀྱིས་མི་སུ་ལའང་འཇིགས་སྐུལ་མི་བྱེད་པ་དང་། ཉེ་དུས་དང་དུས་དཀྱིལ། ཕྱིན་ཆད་བཅས་གང་ཡིན་རུང་རྒྱལ་ཁབ་གང་རུང་ལ་ཕར་རྒོལ་བྱེད་རྩིས་མེད་མོད། གལ་ཏེ་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་པ་ཡིན་ན། “འཁོན་ལན་སློག་ཐབས་མི་བྱེད་ག་མེད་བྱུང་ཡོད”ཅེས་བཤད།
ལིས་ཡ་པུའུ་ཁོ་ཧྥུའུ་ཡིས་ད་དུང་བཤད་རྒྱུར། ཡོ་རོབ་རྒྱལ་ཁབ་ཁག་གཅིག་གི་སྲིད་གཞུང་གིས་ད་དུང་ཨུ་རུ་སུ་དང་ཝུའུ་ཁོ་ལན་བར་གྱི་དམག་འཁྲུག་མཇུག་སྡུམ་འདོད་རྩ་བ་ནས་མེད། དམག་འཁྲུག་འདི་ཕྱོགས་སོ་སོའི་ཁྲིམས་མཐུན་ཁེ་ཕན་ལ་ལྟ་རྟོག་བྱེད་པའི་གནས་ཚུལ་འོག་མཇུག་སྡུམ་ཆོག་མོད། འོན་ཀྱང་ནུབ་ཕྱོགས་ཀྱིས“དབྱིན་ཇིའི་ལག་པ”གཡར་ནས། ཝུའུ་ཁོ་ལན་གྱིས་ལུགས་མཐུན་གྱི་ཐག་གཅོད་ཇུས་གཞི་དོར་ནས་དམག་འཁྲུག་འདེམས་རྒྱུར་སྐུལ་མ་གཏོང་གི་ཡོད་ཟེར།
ལིས་ཡ་པུའུ་ཁོ་ཧྥུའུ་ཡིས་ཨུ་རུ་སུ་དང་ཡོ་རོབ་བར་གྱི་འབྲེལ་བའི་མདུན་ལམ་སྐོར་གླེང་སྐབས་བཤད་རྒྱུར། ཡོ་རོབ་རྒྱལ་ཁབ་སོ་སོས“འདྲ་མཉམ་དང་ཁ་འབྲལ་ཐབས་མེད་པའི་བདེ་འཇགས། དངོས་གཉེར། ཕན་ཚུན་གྱི་ཁེ་ཕན་བསམ་ཤེས་བཅས་ཀྱི”རྩ་དོན་ལ་དམིགས་ཏེ། ཨུ་རུ་སུ་དང་སྐད་ཆ་བཤད་རེས་བྱེད་འདོད་ཆེ་བའི་ཡིད་ཆེས་ཡོད་ཟེར། ཁོས་ད་དུང་བཤད་རྒྱུར། གལ་སྲིད་ཡོ་རོབ་ཀྱིས་ཨུ་རུ་སུ་དང་དེའི་མནའ་མཐུན་གྱི་ཁེ་ཕན་ལ་བསམ་བློ་མ་བཏང་བ་ཡིན་ན། ཡུན་རིང་བརྟན་བརླིང་ཡོང་ཐབས་བྲལ་ཟེར།
ཨུ་རུ་སུའི་ཝི་ཨེན་ནའི་དམག་དོན་བདེ་འཇགས་དང་དམག་དོན་ཚོད་འཛིན་གྲོས་མོལ་འཐུས་ཚབ་ཚོགས་པའི་ཚོགས་གཙོ་རི་ཏཱ་ནའོ་ཝ་ཡིས་གནས་ཡུལ་གཅིག་ནས་བཤད་རྒྱུར། བྱང་ཆིངས་ཀྱིས་ཁྱབ་གདལ་བཏང་བའི“རིམ་སྤོར་དོ་དམ་ཚོད་འཛིན”གྱི་ཐ་སྙད་ལ་གནོད་པ་ཡོད་པ་དང་། ཨུ་རུ་སུ་དང་བྱང་ཆིངས་བར་གྱི་གནས་བབ་རིམ་སྤོར་བྱུང་རྗེས་ཚོད་འཛིན་ཐུབ་པར་འདོད་པ་དེ་ནི་ནོར་འཁྲུལ་གྱི་ངོས་འཛིན་ཞིག་ཡིན་ལ། བསམ་ཕྱོགས་དེས་དོན་དངོས་ཐོག་བྱང་ཆིངས་དང་ཡོ་རོབ་མནའ་འབྲེལ་གྱིས་མཇུག་འབྲས་ལ་མི་ལྟོས་པའི་སྒོ་ནས་བྱ་བ་སྒྲུབ་རྒྱུར་གུ་ཡངས་བྱིན་ཡོད་པས། དེས་དམག་དོན་གྱི་ཉེན་ཁ་ཇེ་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཅི་ཡང་མེད།
སྤེལ་བའི་གནས་ཚུལ་ལྟར་ན། ད་ཐེངས་ཀྱི་སྒོར་ཅོག་ཚོགས་འདུ་དེ་ཨུ་རུ་སུའི་ཝི་ཨེན་ནའི་དམག་དོན་བདེ་འཇགས་དང་དམག་དོན་ཚོད་འཛིན་གྱི་གྲོས་མོལ་འཐུས་ཚབ་ཚོགས་པས་གཙོ་སྒྲུབ་བྱས་པ་དང་། ཝི་ཨེན་ནར་སྡོད་པའི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་ཕོ་ཉ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་བདེ་འཇགས་རྩ་འཛུགས་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འཐུས་མི་དང་དེ་བཞིན་ཆེད་མཁས་པ་སོགས་ཞུགས་ནས། ཡོ་རོབ་ཀྱི་དམག་དོན་ཆབ་སྲིད་ཉམས་ཉེན་གྱི་འབྱུང་རྐྱེན་དང་དམག་དོན་ཅན་གྱི་ཉེན་ཁ། འགལ་བ་རིམ་སྤོར་འགོག་པའི་བརྒྱུད་ལམ་བཅས་ཀྱི་སྐོར་ནས་གྲོས་བསྡུར་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།