ཀུའུ་ཐི་ལེ་སི་ཡིས་ཐལ་དྲགས་པའི་གནམ་གཤིས་ཀྱི་དུས་རབས་གསར་པར་སླེབས་ཡོད་པའི་ཉེན་བརྡ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཟླ10པའི་ཚེས་9ཉིན། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སོ་གཅིག་པ་ཐུར་ཁེ་རྒྱལ་ཁབ་ཀྱི་ཨན་ཐ་ལི་ཡ་རུ་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཉིན་དེར་ཉེན་བརྡ་བཏང་ནས། གོ་ལ་ཧྲིལ་པོ“ཐལ་དྲགས་པའི་གནམ་གཤིས་ཀྱི་དུས་རབས་གསར་པར”དངོས་སུ་སླེབས་ཡོད་པས། རྒྱལ་ཁབ་སོ་སོས་ངེས་པར་དུ་བྱ་སྤྱོད་ནན་མོ་སྤེལ་ནས་ཁ་གཏད་འཇལ་དགོས་ཟེར།

ཀུའུ་ཐི་ལེ་སི་ཡིས་གསར་འགྱུར་སྤྱི་བསྒྲགས་ནང་བཤད་རྒྱུར། གནམ་གཤིས་ཀྱི་ཟིན་ཐོ་བསྟུད་མར་གཏོར་བ་དང་མིའི་རིགས་ཀྱིས་བཏང་བའི་རིན་དོད་མུ་མཐུད་དུ་ཆེ་རུ་ཕྱིན་ཡོད། མིག་སྔར། “ཧ་ཅང་སྟོབས་ཆེ་བའི་ཨི་ཨར་ནིས་ནའོ་ནི་མིས་བཟོས་གནམ་གཤིས་འགྱུར་ལྡོག་གི་དབང་གིས། ཚ་དྲོད་འབར་བཞིན་པའི་སྐར་མའི་གོ་ལ་ཞིག་དང་གདོང་ཐུག་རྒྱག་བཞིན་ཡོད”ཟེར།

ཁོས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པར་བྱ་སྤྱོད་ནན་མོ་སྤེལ་ནས། བཙོག་འབུད་ཉུང་གཏོང་དང་ནུས་ཁུངས་ཚུལ་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། གཉོམ་ཞན་རྒྱལ་ཁབ་ལ་མཁོ་བའི་མ་དངུལ་དང་སྲུང་སྐྱོང་མཁོ་འདོན་བྱེད་དགོས་པའི་སྐུལ་མ་བཏང་།

འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཉིན་དེར་བསྒྲགས་པའི་སྙན་ཞུའི་ནང་བསྟན་དོན། 2026ལོར་གོ་ལ་ཧྲིལ་པོའི་དྲོད་ཚད་ཧ་ཅང་མཐོ་བ་དང་། འཁྱགས་རོམ་ཞུ་ནས་བཞུར་བ། རྒྱ་མཚོའི་ངོས་ཇེ་མཐོར་འགྲོ་བཞིན་པ་བཅས་ཀྱི་དུས་ཡུན་རིང་པོའི་རྣམ་པ་སྔར་བཞིན་རྒྱུན་མཐུད་བྱེད་བཞིན་ཡོད། ཨི་ཨར་ནིས་ནའོ་ཡིས་སྔོན་དཔག་བྱས་ན་དྲོད་ཚད་མཐོ་བ་དང་ཐལ་དྲགས་པའི་གནམ་གཤིས་སྔར་ལས་ཛ་དྲག་ཅན་དུ་འགྲོ་རྒྱུ་ཡིན་པ་དང་། དེའི་ཤུགས་རྐྱེན2027ལོའི་བར་རྒྱུན་མཐུད་ཐུབ་རྒྱུ་རེད། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སའེ་ལའེ་སི་ཐི·ཧྲའོ་ལའོ་ཡིས་སུའེ་ཙེར་གྱི་གྲོང་ཁྱེར་རེ་ནེ་ཝ་རུ་སྨྱན་སྦྱོར་གསར་འགོད་པར་བཤད་རྒྱུར། “ང་ཚོས་གྲ་སྒྲིག་ཡག་པོ་བྱེད་དགོས། 2027ལོ་ནི་ཡང་བསྐྱར་ཟིན་ཐོ་གསར་བ་བསྐྲུན་པའི་ལོ་ཞིག་ཡིན”ཟེར།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་སོགས་སྨྱན་སྦྱོར་མང་པོ་ཞིག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རི་སྲིད་གཞུང་ད་ལོ་ད་དུང་ཚོགས་ཆེན་ལ་ཞུགས་མེད། ཨ་རི2025ལོར《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་པར་ཞུགས་མེད་པ་དང་། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ད་ལོའི་ཟླ་དང་པོར་སྲིད་འཛིན་གྱི་བརྗེད་ཐོར་མིང་རྟགས་བཀོད་དེ། ཨ་རི་རྒྱལ་སྤྱིའི་རྩ་འཛུགས66ནས་ཕྱིར་འབུད་བྱ་རྒྱུའི་མཛུབ་སྟོན་བྱས་པ་དེའི་ནང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཚུད་ཡོད།  སྤྱི་ཆིངས་དེ་གོ་ལ་ཧྲིལ་པོའི་གནམ་གཤིས་མཉམ་ལས་ཀྱི་བཅའ་ཁྲིམས་རྨང་གཞིར་རྒྱ་ཁྱབ་ངང་བརྩི་གི་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།