ཧྥ་རན་སིའི་ཕྱི་འབྲེལ་དཔོན་གྱིས་དབྱི་ལང་གིས་ཧྥ་རན་སིའི་ཚོང་ཁང་གི་གྲང་བཟོའི་མ་ལག་ལ་དྲ་རྒྱའི་དཔུང་འཇུག་ཐེབས་པར་འགན་འཁུར་དགོས་ཞེས་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཧྥ་རན་སིའི་ཕྱི་འབྲེལ་དཔོན་པཱ་ལའོ་ཡིས་ཚེས9ཉིན་བཤད་རྒྱུར། དབྱི་ལང་གིས་ཉེ་ལམ་ཧྥ་རན་སིའི་སྒོ་རྩིས་ཚོང་ཁང་གི་གྲང་བཟོའི་མ་ལག་ལ་དྲ་རྒྱའི་འཇབ་རྒོལ་ཐེབས་པར་འགན་འཁུར་དགོས་ཟེར།

པཱ་ལའོ་ཡིས་ཉིན་དེར་ཕ་རི་སི་རུ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་དཔོན་གྱི་ཚོགས་འདུར་ཞུགས་རྗེས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་གོང་གི་གནས་ཚུལ་དེ་བསྒྲགས་པ་རེད། པཱ་ལའོ་ཡིས་བཤད་རྒྱུར། ཐེངས་འདིར་དཔུང་འཇུག་ཐེབས་པའི་འགན་འཁྲི་ནི་དབྱི་ལང་དབྱི་སི་ལན་གསར་བརྗེའི་སྲུང་དམག་ལ་ཡོད་པ་ཁག་ཐེག་བྱས་ཆོག་ཟེར། ཁོས་བསྟན་དོན། ཉིན་དེར་ཧྥ་རན་སི་རུ་སྡོད་པའི་དབྱི་ལང་གི་བློན་ཆེན་ལ་ཐུག་འཕྲད་བྱས་ཏེ། དོན་དེར་དམིགས་ནས་རྒོལ་གཏམ་དྲག་པོ་བཏང་ཡོད། ཁོས་ད་རུང་བཤད་རྒྱུར། ཐེངས་འདིའི་དཔུང་འཇུག་གིས་ཧྥ་རན་སིའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཚབས་ཆེན་བཟོས་པར་མ་ཟད། དེའི་འགན་འཁུར་མི་སྣར་ཡོ་རོབ་གླིང་ཁྱབ་ཁོངས་ཀྱི་བཀག་སྡོམ་བྱ་རྒྱུ་ཡིན།

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། བརྟག་ཞིབ་བྱས་པ་བརྒྱུད། ཐེངས་འདིའི་གཏོར་བརླག་རང་བཞིན་གྱི་དྲ་རྒྱའི་དཔུང་འཇུག་ནི་དབྱི་ལང་དབྱི་སི་ལན་གསར་བརྗེའི་སྲུང་དམག་གི་ཁོངས་སུ་གཏོགས་པའི་གློག་རྡུལ་དང་དྲ་རྒྱའི་ལྟེ་གནས་ཀྱི་མི་སྣའི་བྱ་སྤྱོད་ཡིན་པ་ངོས་ཟིན་ཡོད། གསལ་བསྒྲགས་ལས་བཤད་རྒྱུར། ཧྥ་རན་སི་ཡིས་ཡོ་རོབ་གླིང་གི་གྲོགས་པོར་ཐེངས་འདིའི་དཔུང་འཇུག་དང་ངན་སེམས་ཀྱི་དྲ་རྒྱའི་བྱེད་སྒོ་གཞན་དག་ལ་ཞུགས་པའི་དབྱི་ལང་གི་ཚོགས་པ་དང་མི་སྒེར་ལ་བཀག་སྡོམ་གསར་པ་ལག་ཏུ་བསྟར་བར་མ་ཟད། བྱེད་ཐབས་གཞན་དག་སྤྱོད་པའི་ཁེ་དབང་སྤྲོད་པའི་གྲོས་འགོ་འདོན་རྒྱུ་རེད།

ཧྥ་རན་སིའི་སྨྱན་བྱད་ཀྱིས་ཚེས9ཉིན་བསྒྲགས་པ་ལྟར་ན། ཕ་རི་སིའི་ཞིབ་དཔྱོད་ཁང་གིས་ཉེ་ལམ་ཧྥ་རན་སིའི་སྒོ་རྩིས་ཚོང་ཁང་མང་པོའི་གྲང་བཟོའི་མ་ལག་ལ་དྲ་རྒྱའི་དཔུང་འཇུག་ཐེབས་པའི་དོན་དེ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་མི་སྣས་རྒྱལ་ཁབ་ཀྱི་ཆེད་དམིགས་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག གོང་གསལ་རྩ་འཛུགས་ཀྱི་དམིགས་བསལ་དཔུང་འཇུག་བྱེད་ཐབས་རྟོགས་ཤིང་། དེར་པར་ཟིག་སྐད་སྤྱོད་པ་དང་དབྱི་ལང་མངའ་ཁོངས་ཀྱི་མཇུག་སྣེའི་སྒྲིག་ཆས་ལ་ཁ་གཏད་པའིIPས་གནས་ནང་དུ་ཚུད་ཡོད་ཅེས་ཟེར།

གསར་འགོད་པས་རྩོམ་ཡིག་སྤེལ་རག་བར་དུ། དབྱི་ལང་ཕྱོགས་ཀྱིས་དེར་དམིགས་ནས་གཞུང་ཕྱོགས་ཀྱི་ལན་ཅི་ཡང་བཏང་མེད།

དེའི་སྔོན་ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་རྒྱུར། ཧྥ་རན་སིའི་སྒོ་རྩིས་ཁང་མང་པོར་ཟླ10པའི་ཚེས11ཉིན་གྱི་དགོང་མོར་དྲ་རྒྱའི་དཔུང་འཇུག་ཐེབས་ཟེར། མགྲོན་ནག་གིས་རྒྱང་བསྟེན་ཐབས་ཀྱིས་གྲང་བཟོས་སྒྲིག་ཆས་ལ་ཚོད་འཛིན་བྱས་ནས་དེའི་དྲོད་ཚད་རྒྱུན་ལྡན་མིན་པའི་ངང་ཡར་འཕགས་པས། སོས་ཟས་དང་འཁྱགས་བཟོས་ཐོན་རྫས་མང་པོ་འུ་ཐུག་ཐབས་ཟད་ཀྱིས་ལེན་དགོས་བྱུང་སྟབས། རྒྱལ་ཡོངས་ཁྱབ་ཁོངས་སུ་གྱོང་གུན་ཐེབས་ཚད་མཐོ་ཤོས་ཡོབ་སྒོར་ས་ཡ་ལྷག་ལ་སླེབས་ཡོད་ཟེར།

ལྷ་མོ་འཚོས་བསྒྱུར།