
ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས8ཉིན་བཤད་རྒྱུར། ཨ་རིའི་དམག་དཔུང་གི་ཆེད་མངགས་དམག་དཔུང་ཕྱོགས་ཡོངས་ནས་འགུལ་སྐྱོད་བྱས་པ་དང་། དེའི་ཁར་མཚོ་ཐོག་བཀག་སྡོམ་བྱས་པས། མིག་སྔར་དབྱི་ལིང་དུ་གཏོང་འདྲེན་བྱེད་པའི་དངོས་ཟོག་ཧ་ལམ་མེད་ཅེས་ཟེར། ཁོས་ཉིན་དེར་བཤད་རྒྱུར། ཨ་རི་དང་དབྱི་ལང་གི་གྲོས་མོལ་ཐད་འཕེལ་རིམ་ངེས་ཅན་བླངས་ཚེ། ཨ་རིས་དབྱི་ལིང་ལ་ཡང་བསྐྱར་གཞི་ཁྱོན་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་མི་སྲིད་མོད། འོན་ཀྱང་ཁོང་གིས་ཡང་བསྐྱར་དྲག་ཤུགས་སྤྱོད་པའི་ངེས་པ་གཏན་ནས་མེད་ཅེས་ཟེར།
དབྱི་ལང་སྨྱན་བྱད་ཀྱིས་ཚེས8ཉིན་བསྒྲགས་པ་ལྟར་ན། དབྱི་ལང་དབྱི་སི་ལན་གསར་བརྗེའི་སྲུང་དམག་གི་མགྲིན་ཚབ་པ་མུའུ་ཧོ་པི་ཡིས་བསྟན་དོན། ཨ་རིས་ཆེད་མངགས་དམག་དཔུང་སྒྲིག་འཛུགས་ཀྱི་འཆར་གཞིར་བརྟེན་ནས་དབྱི་ལིང་ལ་དཔལ་འབྱོར་གྱི་གནོན་ཤུགས་སྟེར་བའི་དམིགས་ཡུལ་མངོན་འགྱུར་བྱེད་ཐབས་མེད་ལ། དབྱི་ལིང་གི་དཔལ་འབྱོར་རྩ་གཏོར་དུ་འགྲོ་མི་སྲིད་ཅེས་ཟེར།
ཨ་རིའི་ཕོ་བྲང་དཀར་པོའི་ཕྱོགས་ཀྱིས་ཚེས8ཉིན་བཤད་རྒྱུར། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་སྲིད་འཛིན་གཞོན་པ་ཝན་སི་ཡིས་ཚེས9ཉིན་འཚམས་འདྲིར་ཡོང་བའི་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མོ་ཏེ་དང་གྲོས་མོལ་བྱ་རྒྱུ་རེད་ཟེར། ཨ་རིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཨ་རི་དང་དབྱི་ལང་བར་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་དང་དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་གྲོས་མོལ་བསྐྱར་དུ་འགོ་རྩོམ་པ་སོགས་ཀྱི་དོན་དག་ལ་གྲོས་བསྡུར་བྱ་རྒྱུ་རེད་ཅེས་ཟེར། ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་ཡིས་ཚེས8ཉིན་བཤད་རྒྱུར། མིག་སྔར་དབྱི་ལང་གི་དམག་འཁྲུག་མཇུག་སྒྲིལ་བའི་ཕྱི་འབྲེལ་བྱེད་ཐབས་ལམ་ལ་ཕན་འབྲས་ཆེན་པོ་ཐོན་མེད་པས་དུས་ཐུང་ནང་ཐོད་བརྒལ་འབྱུང་མི་སྲིད་ཟེར།