
རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུའི་མཉམ་འབྲེལ་གསལ་བསྒྲགས་ཀྱི་ཁུ་པར་འབྲེལ་བ་ཡོད་པའི་ནང་དོན་ལ་དམིགས་ནས། ཚེས12ཉིན་ཁུ་པའི་ཕྱི་འབྲེལ་པུའུ་ཀྲང་ལུའོ་ཏེ་ལི་ཀེ་སི་ཡིས་གསལ་བསྒྲགས་དེ་ཨ་རི་སྲིད་གཞུང་གིས་ཁུ་པར་བཀག་སྡོམ་བྱས་པ་ལས་བྱུང་བའི་ཤུགས་རྐྱེན་ཚབས་ཆེན་ལས་གཡོལ་ཡོད་ལ། ཨ་རིའི་བཀག་སྡོམ་བྱེད་ཐབས་ཀྱིས་ཁུ་པ་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་གསུམ་པའི་བདག་དབང་ལ་གནོད་འཚེ་བཏང་ཡོད་ཅེས་བསྟན།
ལུའོ་ཏེ་ལི་ཀེ་སི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་ནས་བསྟན་དོན། ཉེ་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཨ་རིས་ཁུ་པར་བཀག་སྡོམ་བྱས་པར་ཡང་བསྐྱར་རྒོལ་གཏམ་བཏང་བ་དང་། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཨ་རིས་རྫུན་བཟོ་བྱས་པའི་སྐད་ཆ་རྫུན་མ་བསྐྱར་ཟློས་བྱས་ཏེ། དེའི་ཁྲིམས་འགལ་གྱིས་བཀག་སྡོམ་བྱས་པའི་སྲིད་ཇུས་དག་འབུད་བྱས།
རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཚེས9ཉིན་ནས་ཚེས10ཉིན་བར་ཧྥ་རན་སེའི་ཕ་རི་སིར་ཚོགས་པ་དང་། ཚོགས་འདུ་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་ཁུ་པར་འཕྲད་པའི་དཔལ་འབྱོར་གྱི་དཀའ་གནད་སྐོར་གླེང་ཡོད། ཨ་རིའི་རྒྱལ་སྲིད་བློན་ཆེན་ལུའུ་པི་ཨོ་ཚེས9ཉིན་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུར་ཞུགས་རྗེས་སྨྱན་སྦྱོར་གྱི་དྲི་བར་ལན་འདེབས་སྐབས་བཤད་དོན། ཨ་རིས“ཁུ་པར་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོད་པར་རོགས་རམ་བྱ་རྒྱུ་ཡིན”ཞེས་བརྗོད།
1959ལོར་ཁུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་རྗེས། ཨ་རིའི་སྲིད་གཞུང་གིས་ཁུ་པར་དགྲར་འཛིན་སྲིད་ཇུས་ལག་བསྟར་བྱས། 1962ལོར་ཨ་རིས་ཁུ་པར་ཕྱོགས་ཡོངས་དཔལ་འབྱོར་དང་དངུལ་རྩའི་བཀག་སྡོམ། ཉོ་ཚོང་སྐྱེལ་འདྲེན་བཀག་སྡོམ་བཅས་ལག་བསྟར་བྱས། 1996ལོའི་ཟླ3པར། ཨ་རིས“ཧོར་མུའུ་སི—པོ་ཏུན་བཅའ་ཁྲིམས”བཟོས་ནས། ཁུ་པ་དང་དཔལ་འབྱོར་ཉོ་ཚོང་འགྲོ་འོང་བྱེད་མཁན་ཕྱི་རྒྱལ་གྱི་ཀུང་སི་ཚང་མར་བཀག་སྡོམ་ནན་མོ་བྱ་རྒྱུ་གཏན་འབེབས་བྱས། 1992ལོ་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལས་ཁུ་པས་ཨ་རིར་བཀག་སྡོམ་མེད་པར་བཟོ་བའི་བླང་བྱ་བཏོན་པའི་གྲོས་ཆོད་འཆར་ཟིན་ལ་ལོ་རེེ་བཞིན་གྲོས་ཞིབ་བྱེད་བཞིན་ཡོད་པ་དང་འབྲེལ་ཡོད་གྲོས་ཆོད་ལ་ལོ་མང་རིང་ཟིལ་གནོན་རང་བཞིན་གྱི་རྒྱབ་སྐྱོར་ཐོབ།