
དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཚེས12ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱི་ལང་གི་ཆེད་མཁས་པའི་གྲོས་ཚོགས་སྟེང་ཉིན་དེར་གསལ་བསྒྲགས་སྤེལ་ཏེ་འབྲེལ་ཡོད་སྡེ་ཁག་གིས《ཉིང་རྡུལ་མཚོན་ཆ་ཁྱབ་གདལ་མི་གཏོང་བའི་ཆིངས་ཡིག》ནས་ཕྱིར་འཐེན་བྱེད་པར་གྲོས་ཞིབ་བྱས་ནས། རྒྱལ་ཁབ་ཀྱི་འགོག་སྲུང་འཐབ་ཇུས་ལ་བསྐྱར་དུ་ཞིབ་ལྟ་བྱེད་དགོས་པར་མ་ཟད་དགོས་ངེས་ཀྱི་འཇིགས་སྐུལ་ནུས་པ་འཛུགས་དགོས་པའི་འབོད་སྐུལ་བཏང་།
གསལ་བསྒྲགས་ལས་བཤད་རྒྱུར། དགྲར་འཛིན་སྟོབས་ཤུགས་ཀྱིས་འཇིགས་སྐུལ་ཡང་ཡང་བྱས་པ་དང་། ཁྱད་པར་དུ་དབྱི་ལང་གི་ཉིང་རྡུལ་ནུས་པའི་འཇིགས་སྐུལ་ལ་དམིགས་ནས། དབྱི་ལང་གིས་འབྲེལ་ཡོད་འགན་འཁྲི་ཡོད་པའི་རྒྱལ་སྤྱིའི་སྒྲིག་གཞིར་སླར་ཡང་རེ་བ་བཅོལ་མི་རུང་བ་བསྟན།
གསལ་བསྒྲགས་ལས་བསྟན་དོན། གལ་ཏེ་དགྲ་བོས་ཡང་བསྐྱར་འཇབ་རྒོལ་བྱས་ཚེ། དབྱི་ལང་གི་དྲག་ཆས་སྟོབས་ཤུགས་ཀྱིས་མགྱོགས་མྱུར་ནུས་ལྡན་ངང་ཨ་ལན་སློག་རྒྱུ་ཡིན་པ་མ་ཟད། ས་ཁམས་ཁྱབ་ཁོངས་ཀྱི་ཚོད་འཛིན་ཐེབས་མི་སྲིད་པ་བསྟན།
ཚེས10ཉིན། དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀེ་ཆི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི། དེ་མིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་བཅས་ལ་འཕྲིན་ཡིག་སྤྲིངས་ཏེ། ཨ་རིའི་སྲིད་གཞུང་ལ“བྱ་དགའ་མཐོ་ཤོས་ཨ་སྒོར་བྱེ་བ་གཉིས་སྤྲད་དེ་དབྱི་ལང་གི་ཉིང་རྡུལ་འཆར་གཞིའི་འབྲེལ་ཡོད་ཆ་འཕྲིན་བསྡུ་ལེན་བྱེད་པའི”བླང་བྱ་བཏོན་པའི་ཐད་རྒོལ་གཏམ་གཏོང་རྒྱུ་ཡིན་ཚུལ་གསལ་བོར་བསྟན། ཐི་ལིང་ཕུའུ་ཡིས་ཟླ10པའི་ཚེས31ཉིན་ད་དུང་འཇིགས་སྐུལ་བྱས་དོན། ཨ་རིས་དབྱི་ལང་གི་དམག་དོན་སྟོབས་ཤུགས་མང་ཆེ་བ་རྩ་གཏོར་བཏང་ཟིན་ཀྱང་། ད་དུང་དམིགས་འབེན་རེ་གཉིས་སྔར་བཞིན“ཐག་གཅོད”བྱེད་དགོས་ལ། དེའི་ཁྲོད་དུ་ཁའོ་ཧྲན་གྱི་ཉིང་རྡུལ་སྒྲིག་ཆས་ཚུད་ཡོད།
རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཟླ9པའི་ཚེས9ཉིན་འབྲེལ་ཡོད་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས། དབྱི་ལང“ཉིང་རྡུལ་ཁྱབ་གདལ་མི་གཏོང་བའི་འོས་འགན་ལས་འགལ་བའི་གནད་དོན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲོད་རྒྱུའི་བསམ་ཚུལ་བཏོན། དབྱི་ལང་ཕྱོགས་ཀྱི་འཐུས་མིས་གྲོས་ཆོད་དེ་ནི“ཆབ་སྲིད་ཀྱི་ལག་ཆ”ཡིན་པ་ལས“ལག་རྩལ་རང་བཞིན་གྱི་ཡིག་ཆ”མིན་ལ། བཅའ་ཁྲིམས་དང་དོན་དངོས་ཀྱི་གཞི་འཛིན་སའི་ཐད་ནས་གནད་དོན་ཚབས་ཆེན་ཡོད་པར་སྐྱོན་བརྗོད་བྱས། དབྱི་ལང་ཕྱོགས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ལག་རྩལ་རང་བཞིན་གྱི་འགན་འཁྲི་བསྒྲུབ་དགོས་པ་ལས། རྒྱལ་ཁབ་གང་རུང་གིས་རང་ངོས་ཀྱི་ཆབ་སྲིད་གྲོས་རིམ་ལ་སྐུལ་འདེད་གཏོང་བའི་ལག་ཆ་ཞིག་ཏུ་འགྱུར་མི་རུང་བར་འདོད།