
ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས12ཉིན་ཨ་རིས་དབྱི་ལིང་དང་གྲོས་མཐུན་འཇོག་མི་དགོས་ཞེས་བཤད་པ་མ་ཟད། སྲིད་འཛིན་གཞོན་པ་ཝན་སིས་སེམས་ཤུགས་ཡོད་ཚད་རྒྱལ་ནང་གི་རུལ་སུངས་ལ་ངོ་རྒོལ་དང་ཉེས་གསོག་གནད་དོན་སྟེང་གཅིག་སྡུད་བྱེད་དགོས་པའི་བླང་བྱ་བཏོན།
ཐི་ལིང་ཕུའུ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཁོས་ཝན་སི་ལ"སེམས་ཤུགས་ཡོད་ཚད་དམངས་གཙོ་ཏང་གིས་སྲིད་སྐྱོང་བའི་གྲོང་ཁྱེར་དང་མངའ་སྡེ་ཡི་རུལ་སུངས་དང་ཉེས་གསོག་གི་གནད་དོན་ཚབས་ཆེན་སྟེང་གཅིག་སྡུད་བྱེད་དགོས་པའི"བླང་བྱ་བཏོན་པར་མ་ཟད། "ང་ཚོས་དབྱི་ལང་དང་གྲོས་མཐུན་གང་ཡང་འཇོག་མི་དགོས། ཉིན་དེ་དག་སྔ་མོ་ནས་འདས་ཟིན་པ་དང་། ང་ཚོས་ཁོ་ཚོའི་མ་དངུལ་ཨ་སྒོར་ཁྲག་ཁྲིག་ཁ་ཤས་བདག་བཟུང་བྱས་ཡོད་པ་མ་ཟད། ད་དུང་ཁོ་ཚོའི་ཧོ་ཨར་མུའུ་ཙི་མཚོ་འགག་ཡང་ཚོད་འཛིན་བྱེད་བཞིན་ཡོད"ཟེར།
ད་ལོའི་ཟླ3པར། ཐི་ལིང་ཕུའུ་ཡིས་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་དེ། ཝན་སིས་འགོ་ཁྲིད་པའི་རྒྱལ་ཡོངས་ཀྱི་དམིགས་བསལ་ལས་དོན་ཚན་ཆུང་ཞིག་བཙུགས་ནས། མངའ་སྡེ་ཁག་ཅིག་གིས་སྤྱི་ཚོགས་ཕན་བདེའི་ལས་གཞིའི་རྒྱལ་ཕྲན་མཉམ་འབྲེལ་མ་དངུལ་གཡོ་ལེན་བྱས་པའི་བྱ་སྤྱོད་ལ་བརྟག་དཔྱད་བྱས། ཟླ་བཞི་པར། ཝན་སི་ཡིས་ཨ་རིའི་གྲོས་མོལ་ཚོགས་པ་ཁྲིད་ནས་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པོ་ནས་སྤེལ་བའི་ཨ་རི་དང་དབྱི་ལང་གི་གྲོས་མོལ་ལ་ཞུགས། ཨ་རི་དང་དབྱི་ལང་གིས་ཟླ6པར་བཟོད་སྒོམ་བརྗེད་ཐོ་བཀོད་རྗེས། ཝན་སི་ཡིས་ཡང་བསྐྱར་ཚོགས་པ་ཁྲིད་ནས་སུའེ་ཙེར་གྱི་པེ་ཨར་ཀུན་ཧྲན་ནས་སྤེལ་བའི་ཨ་རི་དང་དབྱི་ལང་གི་གྲོས་མོལ་ལ་ཞུགས།
ཨ་རིའི་སྨྱན་སྦྱོར་གྱིས་ཚེས6ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཝན་སི་འདས་ཟིན་པའི་གཟའ་འཁོར་གཉིས་ནང་ཐད་ཀར་དབྱི་ལང་དང་གཞན་བརྒྱུད་གྲོས་མོལ་ནང་ཞུགས་ནས། དབྱི་ལང་དང་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གསར་པ་འཇོག་རྒྱུ་དང་ཉིང་རྡུལ་གྲོས་མོལ་བསྐྱར་འབྱེད་བྱ་རྒྱུ་འཚོལ་ཞིབ་བྱས། ཚེས11ཉིན། ཨ་རིའི《ཧྭ་ཨར་སྲང་ལམ་ཉིན་རེའི་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཝན་སི་ཡིས་དབྱི་ལང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ལེ་ཀྲ་དབྱི་དང་ཐུག་འཕྲད་བྱས་ཏེ་གྲོས་མོལ་བྱས་ནས། དབྱི་ལང་གི་དམག་འཁྲུག་མཇུག་སྒྲིལ་བར་སྐུལ་འདེད་གཏོང་བར་བསམ་བློ་གཏོང་བཞིན་ཡོད། ཐི་ལིང་ཕུའུ་ཡིས་ཝན་སི་ཡིས་ཡང་བསྐྱར་ཨ་རི་དང་དབྱི་ལང་གི་གྲོས་མོལ་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་བ་མ་ཟད་གྲོས་མོལ་གྱི་བྱ་བ་སྤེལ་བར་དབང་ཆ་སྤྲད། ཡིན་ན་ཡང་། དབྱི་ལང་གི་སྨྱན་སྦྱོར་གྱིས་སྤེལ་བ་ལྟར་ན། ལེ་ཀྲ་ཡིས་ཝན་སི་དང་ཐུག་འཕྲད་བྱེད་རྒྱུ་ཁས་མི་ལེན་པ་མ་ཟད། འབྲེལ་ཡོད་ཀྱི་འཆལ་གཏམ་ནི་ཁུངས་མེད་གཏམ་འཆལ་དང་གཞི་འཛིན་ས་ཅི་ཡང་མེད་ཟེར།
ཝན་སི་ཡིས་ཚེས4ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་རིང་བོ་སྤེལ་ནས། སྤྱི་མཐུན་ཏང་གིས་དུས་དཀྱིལ་གྱི་འདེམས་བསྐོའི་ཁྲོད་ཕམ་ཁ་མྱངས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ལ། དབྱི་ལང་གི་དམག་འཁྲུག་ནི་འབྱུང་རྩ་ཡིན་པར་བཤད། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་རྩོམ་ཡིག་ལས་དབྱེ་ཞིབ་བྱས་པ་ལྟར་ན། ཝན་སི་ཡིས་སྤེལ་བའི་རྩོམ་ཡིག་དེ་རྒྱུན་ལྡན་མིན་པ་དང་། དེའི་ནང་དུ་ཐི་ལིང་ཕུའུ་ལ་འགེབས་སྲུང་མི་བྱེད་པའི་སྐྱོན་བརྗོད་འདུས་ཡོད་ལ། དོན་དངོས་སུ་ཐི་ལིང་ཕུའུ་དང་བར་ཐག་བཟུང་ནས། 2028ལོར་སྲིད་འཛིན་འདེམས་བསྐོ་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་པར་འདོད།
ཤ་བོ་རིན་མཚོས་བསྒྱུར།