འཇར་པན་གྱི་དམངས་ཁྲོད་ཚོགས་པ་མང་པོས་སྲིད་གཞུང་ལ“ཉིང་རྡུལ་མེད་པའི་རྩ་དོན་གསུམ”རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

​ཚེས18ཉིན་འཇར་པན་གྱི་དམངས་ཁྲོད་ཚོགས་པ་མང་པོས་མཉམ་དུ་འཇར་པན་གྱི་ཕྱི་འབྲེལ་པུའུ་ལ་རེ་འདུན་ཞུ་ཡིག་ཕུལ་ཏེ། སྲིད་གཞུང་གིས“ཉིང་རྡུལ་མེད་པའི་རྩ་དོན་གསུམ”རྒྱུན་འཁྱོངས་བྱ་དགོས་པའི་བླང་བྱ་བཏོན།

“ཉིང་རྡུལ་མེད་པའི་རྩ་དོན་གསུམ”ཞེས་པ་ནི་ཉིང་རྡུལ་མཚོན་ཆ“བདག་གིར་མི་འཛིན་པ་དང་བཟོ་སྐྲུན་མི་བྱེད་པ། ནང་འདྲེན་མི་བྱེད་པ”བཅས་ལ་ཟེར། ད་ལྟ་སྤྱོད་བཞིན་པའི“བདེ་སྲུང་གི་ཡིག་ཆ་གསུམ”ཁྲོད་ཀྱི་འཇར་པན་གྱིས《རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་འཐབ་ཇུས》ནང་།  “ཉིང་རྡུལ་མེད་པའི་རྩ་དོན་གསུམ”གྱི་གཞི་རྩའི་བྱེད་ཕྱོགས“ཕྱིན་ཆད་འགྱུར་ལྡོག་མི་གཏོང”བ་གསལ་བོར་བསྟན་ཡོད། འོན་ཀྱང་འཇར་པན་སྨྱན་སྦྱོར་གྱིས་ཉེ་དུས་གནས་ཚུལ་སྤེལ་བར་གཞིགས་ན།  འཇར་པན་སྲིད་གཞུང་གིས་ལོ་མཇུག་ཏུ་བཟོ་བཅོས་རྒྱག་རྩིས་ཡོད་པའི《རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་འཐབ་ཇུས》ནང“ཉིང་རྡུལ་མེད་པའི་རྩ་དོན་གསུམ”དེ་དམིགས་བསལ་གནས་ཚུལ་ལམ་ཡང་ན་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཉིང་རྡུལ་མཚོན་ཆ་འཇར་པན་དུ་དབོར་ཆོག་པར་བསམ་གཞིགས་གཏོང་བཞིན་ཡོད།

འགུལ་ཕྱོགས་དེར་དམིགས་ནས། འཇར་པན་གྱི་དམངས་ཁྲོད་ཚོགས་པས་ཚེས18ཉིན་ཕུལ་བའི་རེ་འདུན་ཞུ་ཡིག་ནང“ཉིང་རྡུལ་མེད་པའི་རྩ་དོན་གསུམ”ནི་འཇར་པན་གྱིས་ཡུན་རིང་ལ་ལག་ལེན་དུ་བསྟར་བའི་རྒྱལ་ཁབ་ཀྱི་བྱེད་ཕྱོགས་ཡིན་པས། གོ་གནས་ཧ་ཅང་གལ་ཆེན་ལྡན་ཞིང་། དུས་ཡུན་རིང་པོའི་ནང་སྲིད་གཞུང་སྐབས་རིམ་བྱུང་གི་སྲིད་ཇུས་གདམ་གསེས་ཐད་ཚོད་འཛིན་དང་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད་པ་བསྟན།

དམངས་ཁྲོད་ཚོགས་པའི་འཐུས་མིས་ཉིན་དེར་ད་དུང་ཕྱི་འབྲེལ་པུའུ་ཕྱོགས་དང་ཡོངས་བསྒྲགས་མིན་པའི་རྣམ་པར་བསམ་འཆར་བརྗེ་རེས་བྱས།   དེའི་རྗེས་ཀྱི་གསར་འགོད་པའི་ཚོགས་འདུའི་ཐོག་དམངས་ཁྲོད་ཚོགས་པའི་འཐུས་མིས “ཉིང་རྡུལ་མེད་པའི་རྩ་དོན་གསུམ”སོགས་ཀྱི་རེ་ཞུ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་ཁས་ལེན་ཁ་གསལ་བྱེད་པའི་ཐད། ཕྱི་འབྲེལ་པུའུ་ཡིས་འབྲེལ་ཡོད་གནད་དོན་ལ་སྔར་བཞིན་ཞིབ་འཇུག་བྱེད་བཞིན་ཡོད་པ་བསྟན་པ་ཙམ་ལས། ཁས་ལེན་གསལ་པོ་མ་བྱས་པར་སྔོན་གྱི་ལངས་ཕྱོགས་རབ་རིབ་རྒྱུན་མཐུད་བྱས་ཡོད་པ་རེད།

དམངས་ཁྲོད་ཚོགས་པས་ད་དུང་འཇར་པན་སྲིད་གཞུང་གིས“ཛ་དྲག་ཆེ་བའི་གནས་ཚུལ”ཟེར་བ་རྐྱེན་བྱས་ཏེ། ཉིང་རྡུལ་མཚོན་ཆ་འཇར་པན་དུ་དབོར་འདྲེན་བྱེད་པར་དམིགས་བསལ་བཀོད་སྒྲིག་བྱེད་རྩིས་ཡོད་ལ། སྒྲུབ་སྟངས་དེ་རིགས་འཇར་པན་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ས་ཁུལ་གྱི་ཛ་དྲག་ཆེ་བའི་གནས་བབ་སྔར་བས་ཛ་དྲག་ཏུ་ཕྱིན་ནས་བདེ་འཇགས་ཀྱི་ཉེན་ཁ་སྔར་བས་ཆེ་བ་བཟོ་སྲིད་པ་བསྟན།

འཇར་པན་སྲིད་གཞུང་ངམ་ཡང་ན་ཉིང་རྡུལ་སྲིད་ཇུས་ལེགས་སྒྲིག་བྱེད་པའི་གནས་ཚུལ་ལ་ཚང་མས་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། འཇར་པན་རླུང་འཕྲིན་མཐུན་ཚོགས་ཀྱིས་ཉིན་ཤས་གོང་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ཟླ10པར་ཀའོ་ཧྲི་ཙའོ་མེའོ་ཡིས་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བ་ནས་ད་ལོའི་ཟླ10པའི་ཟླ་མཇུག་བར། འཇར་པན་གྱི་གྲོས་ཁང་གོང་མར་རྒྱལ་ཡོངས་ས་གནས་གྲོས་ཁང་གིས་ཕུལ་བའི་བསམ་འཆར་ཡི་གེ300ལ་ཉེ་བ་འབྱོར་ནས། “ཉིང་རྡུལ་མེད་པའི་རྩ་དོན་གསུམ”རྒྱུན་འཁྱོངས་དང་བརྩི་འཇོག་བྱེད་པའམ་དེ་བཅའ་ཁྲིམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གྲངས་འབོར་དེ་སྔོན་ལས་མངོན་གསལ་གྱིས་འཕར་ཡོད།