ཐུར་ཁེ་དང་ཁ་ཐར་གྱི་ཐུན་མོང་འགོག་སྲུང་གི་གྲོས་མཐུན་ཁྲོད་རང་འགུལ་གྱིས་དམག་དཔུང་གཏོང་བའི་དོན་ཚན་འདུས་མེད།
ཁུངས། ཀློག་གྲངས།

ཚེས19ཉིན་ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། དེ་སྔོན་ཁ་ཐར་དང་མིང་རྟགས་བཀོད་པའི་ཐུན་མོང་འགོག་སྲུང་གི་གྲོས་མཐུན་ཁྲོད་ཕྱོགས་གཅིག་ལ་རྡུང་རྡེག་ཐེབས་སྐབས་ཕྱོགས་ཅིག་ཤོས་ཀྱིས་རང་འགུལ་གྱིས་དམག་དཔུང་བཏང་ནས་རོགས་སྐྱོར་བྱེད་པའི་དོན་ཚན་འདུས་མེད་ཟེར།

ཐུར་ཁེའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཨ་ཁི་ཏི་ཨར་ཁི་ཡིས་ཉིན་དེར་རྒྱུན་སྲོལ་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། གོང་སྨོས་ཀྱི་གྲོས་མཐུན་ལ་གཞིགས་ན། གལ་ཏེ་ཕྱོགས་གང་རུང་ཞིག་ལ་ཕ་རོལ་གྱི་རྡུང་རྡེག་ཐེབས་ན། ཕྱོགས་གཞན་པ་དེས་འདོན་སྤྲོད་བྱེད་སྲིད་པའི་རོགས་སྐྱོར་དེ་ངེས་པར་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དོན་ཚན་ང་གཅིག་པའི་སྒྲོམ་གཞིའི་ཁྲོད་ཕྱོགས་གཉིས་ཀྱིས་གྲོས་མཐུན་བྱུང་རྗེས་གཏན་འཁེལ་བྱེད་དགོས། གྲོས་མཐུན་ཁྲོད་རང་འགུལ་གྱིས་དམག་དཔུང་གཏོང་བའི་འོས་འགན་ཚུད་མེད་ཟེར།

ཐུར་ཁེ་དང་ཁ་ཐར་གྱིས་ཟླ་འདིའི་ཚེས13ཉིན་ཐུན་མོང་འགོག་སྲུང་གི་གྲོས་མཐུན་ལ་མིང་རྟགས་བཀོད། ཨ་ཁི་ཏི་ཨར་ཁི་ཡིས་བསྟན་དོན། གྲོས་མཐུན་ལག་བསྟར་གྱི་འབྲེལ་ཡོད་ཐབས་ཇུས་དེ་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་ཐོག་བཙུགས་པའི་མཐོ་རིམ་འཐབ་ཇུས་ཨུ་ཡོན་ལྷན་ཁང་གིས་གྲོས་མོལ་བྱས་ནས་བཏོན་པ་ཞིག་ཡིན་ཞིང་། མིག་སྔར་གྲོས་མཐུན་དེའི་འབྲེལ་ཡོད་མི་སྣ་དང་། དམག་དོན་སྟོབས་ཤུགས། དེ་མིན་མ་དངུལ་བགོ་བཤའ་བཅས་ལ་ཚོད་འཛིན་ཐེབས་པའི་གཏན་འབེབས་བྱས་མེད།

ཨ་ཁི་ཏི་ཨར་ཁི་ཡིས་བཤད་རྒྱུར། ཐུན་མོང་གི་འགོག་སྲུང་གྲོས་མཐུན་ལ་ནུས་པ་ཐོན་པ་ནས་བཟུང་ནུས་ཆོད་དུས་ཡུན་ལོ10ཡིན་པ་དང་། དེའི་རྗེས་སུ་གཏན་འཁེལ་བྱས་པའི་ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་དུས་ཡུན་ལོ5ཡི་ནང་མུ་མཐུད་དུ་ཆིངས་ཡིག་བཞག་ཆོག ཐུར་ཁེ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཁེ་དབང་དང་འོས་འགན་སོར་འཇོག་བྱ་རྒྱུ་རེད།