
ཇོར་ཇི་ཡའི་སྲིད་གཞུང་གིས་ཚེས19ཉིན་བརྡ་ཁྱབ་བཏང་བ་ལྟར་ན། ཇོར་ཇི་ཡའི་ཙུང་ལིའི་ཨུ་རུ་སུའི་འབྲེལ་བའི་དམིགས་བསལ་སྐུ་ཚབ་པ་ཙུའུ་ལཱ་པཱ་ཧྲི་ཝེ་ལེ་ཡིས་དེ་ཉིན་ཨུ་རུ་སུ་དཀར་པོའི་རྒྱལ་ས་མེང་སི་ཁེ་ནས་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཅ་ལུའུ་ཅིན་དང་ཞལ་འཛོམས་གྲོས་མོལ་བྱས། ཕྱོགས་གཉིས་ཀས་གྲུབ་འབྲས་དངོས་ཐོབ་ཆེད་མུ་མཐུད་དུ་གྲོས་མོལ་བྱེད་དགོས་པར་ངོས་འཛིན་བྱས་ཡོད་པའི་ཚུལ་བསྟན།
སྤྱི་བསྒྲགས་ནང་དུ་ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་རིག་གནས། མི་ཚུལ་རིག་གནས་ཁྱབ་ཁོངས་བཅས་སུ་འཕྲད་བཞིན་པའི་དཀའ་ངལ་སྐོར་ནས་བསམ་འཆར་བརྗེ་རེས་བྱས་པ་མ་ཟད་གྲོས་མཐུན་འགའ་ཡང་བཞག་ཡོད། དེ་མིན་ཕྱོགས་གཉིས་ཀས་ས་ཁུལ་གྱི་བདེ་འཇགས་གནས་བབ་ཐད་བགྲོ་གླེང་བྱས་ཤིང་། རི་ནེ་ཝའི་རྒྱལ་སྤྱིའི་ཚོགས་འདུ་ནི་ཨུ་རུ་སུ་དང་ཇོར་ཇི་ཡའི་བར་ཐག་གཅོད་མ་བྱུང་བའི་གནད་དོན་རྣམས་ཐག་གཅོད་བྱེད་སའི་སྟེགས་བུ་གཙོ་བོ་ཡིན་ཚུལ་ནན་གྱིས་བསྟན་པ་མ་ཟད། ཕྱོགས་གཉིས་ཀས་མུ་མཐུད་དུ་གྲོས་མོལ་བྱ་རྒྱུར་མོས་མཐུན་བྱུང་བ་དང་། ཨུ་རུ་སུ་དཀར་པོའི་རྒྱལ་ཁབ་ཀྱིས་ཐེངས་འདིའི་གྲོས་མོལ་སྒྲིག་འཛུགས་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུས།
ཇོར་ཇི་ཡའི་སྤྱི་ཁྱབ་རྒྱང་སྒྲོག་ཀུང་སིའི་ཚེས16ཉིན་གྱི་གསར་འགྱུར་ལྟར་ན། ཇོར་ཇི་ཡའི་ཙུང་ལི་ཁི་བྷ་ཞི་ཙེ་ཡིས་བསྟན་དོན། ཨུ་རུ་སུས་ཨ་པོ་ཧ་ཙི་དང་ལྷོ་ཨོ་སེ་ཏི་རང་བཙན་ཡིན་པ་ཁས་ལེན་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་ཐབས་བྲལ་བའི་བཀག་རྒྱ་ཆེན་པོ་ཞིག་ཡིན་ཡང་། ཕྱོགས་གཉིས་ཀས་ད་དུང་ད་ལྟ་སྤྱོད་བཞིན་པའི་གྲོས་མོལ་ལམ་སྲོལ་བརྒྱུད་དེ་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུ་དང་སྒྲོམ་གཞི་དེའི་ནང་དུ་གཏོགས་པའི་གྲོས་གཞི་ཚང་མར་གྲོས་མོལ་བྱས་ཆོག་ཟེར།
ཇོར་ཇི་ཡ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཨ་པོ་ཧ་ཙི་དང་ལྷོ་ཨོ་སེ་ཏིའི་གནད་དོན་གྱི་དབང་གིས་དུས་ཡུན་རིང་པོར་འགལ་ཟླར་གྱུར་ཅིང་། 2008ལོའི་ཟླ་བརྒྱད་པར་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ལྷོ་ཨོ་སེ་ཏིར་དམག་འཁྲུག་བརྒྱབ་པ་དང་། ཨུ་རུ་སུས་ཨ་པོ་ཧ་ཙི་དང་ལྷོ་ཨོ་སེ་ཏི་རང་བཙན་བྱས་པ་ཁས་ལེན་བྱས་རྗེས། རྒྱལ་ཁབ་གཉིས་བར་གྱི་ཕྱི་འབྲེལ་ཆད་དེ་ད་ལྟའི་བར་དུ་བསྐྱར་གསོ་ཐུབ་མེད། 2012ལོའི་ཟླ་བཅུ་གཉིས་པར་ཇོར་ཇི་ཡའི་ཙུང་ལི་ཐོག་མའི་ཨུ་རུ་སུའི་འབྲེལ་བའི་དམིགས་བསལ་སྐུ་ཚབ་པ་ཨ་བྷ་ཞི་ཙེ་དང་སྐབས་དེའི་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཁཱ་ལཱ་ཞིན་རྣམ་གཉིས་ཀྱིས་ཞལ་འཛོམས་གྲོས་མོལ་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་དངོས་གཞི་མིན་པའི་གྲོས་མོལ་སྤེལ་མགོ་བརྩམས་པ་མཚོན་ཡོད། ཇོར་ཇི་ཡའི་ཨུ་རུ་སུའི་འབྲེལ་བའི་དམིགས་བསལ་འཐུས་ཚབ་པ་ཞེས་པའི་ལས་གནས་འདི2025ལོའི་ཟླ་བཅུ་གཉིས་པ་ནས་བཟུང་སྟོང་བར་ལུས་ཏེ། ད་ལོའི་ཟླ་བཅུ་པར་གཞི་ནས་ཙུའུ་ལཱ་པཱ་ཧྲི་ཝེ་ལེ་བསྐོ་གཞག་བྱས་པ་རེད།