ཧང་ག་རི་དང་ཕོ་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ཐུག་འཕྲད་བྱེད་སྐབས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་དགོས་པ་ནན་གྱིས་བསྟན།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།
ཧང་ག་རིའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཨོར་པན་ཨའོ་ཉི་ཏའོ་ཡིས་ཚེས19ཉིན་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སི་རུ་ཕོ་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ཞིས་ཁོར་སི་ཅི་དང་ཐུག་འཕྲད་བྱས་ཏེ།  ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པ་དང་ས་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་བསྟན།
ཨོར་པན་གྱིས་ཐེངས་འདིའི་ཐུག་འཕྲད་ནི་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་སླར་གསོ་བྱེད་པའི་གོམ་པ་གལ་ཆེན་ཞིག་པ་བསྟན།  ཁོས་བཤད་རྒྱུར།  ཕོ་ལན་ནི་ཧང་ག་རིའི་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན་པ་དང་།  རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་རིང་པོར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད།  ཧང་ག་རིའི་ཙུང་ལི་མའོ་ཅའོ་ཨེར་གྱིས་འགན་བཞེས་རྗེས་ཐོག་དང་པོར་ཕོ་ལན་དུ་འཚམས་འདྲིར་ཕེབས་པ་དེས་ཧང་ག་རིའི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུའི་ཆོད་སེམས་མཚོན་ཡོད།
ཞིས་ཁོར་སི་ཅི་ཡིས་བསྟན་དོན།  ཕོ་ལན་དང་ཧང་ག་རིའི་ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་འབོར་ཡོ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་ལྔ་ལ་སླེབས་ཡོད་ལ།  རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་བ་དང་མཉམ་དུ་ས་ཁུལ་གྱི་འགྲིམ་འགྲུལ་དང་ནུས་ཁུངས་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱུར་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད།

ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན།  ཝེ་ཞེ་ཀེ་ལ་ཏི་སྡེ་ཚོགས(ཕོ་ལན་དང་། ཧང་ག་རི། ཅེ་ཁེ། སི་ལོ་ཝ་ཁེ)ཀྱི་གསོན་ཤུགས་བསྐྱར་གསོ་བྱེད་པར་སྐུལ་འདེད་བཏང་ནས།  ས་ཁུལ་དང་རྒྱལ་ཁབ་ཀྱིས་ཡོ་རོབ་མནའ་འབྲེལ་ནང་ཁུལ་གྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་དགོས།  ཨོར་པན་གྱིས་བཤད་རྒྱུར།  སྡེ་ཚོགས་ནང་ཁུལ་གྱི་མཉམ་ལས་ལ་ཤུགས་བསྣན་ན་རྒྱལ་ཁབ་བཞིས་ཡོ་རོབ་མནའ་འབྲེལ་གྱི་ཐབས་ཇུས་ཁྲོད་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་པ་མ་ཟད།  ཨེ་ཤ་ཡ་དབུས་མ་དང་ཞིས་པ་འར་ཀན་སོགས་ས་ཁུལ་བར་གྱི་འབྲེལ་བ་རྒྱ་ཆེར་གཏོང་རྒྱུར་ཆ་རྐྱེན་བསྐྲུན་ཡོད།

ཉེ་བའི་ལོ་ཤས་རིང་།  ཧང་ག་རིའི་ཙུང་ལི་ཟུར་པ་ཨོའུ་ཨེར་པན་གྱིས་སྲིད་སྐྱོང་བའི་སྐབས་སུ།  ཧང་ག་རི་དང་ཕོ་ལན་གྱི་འབྲེལ་བ་དེ་ཕྱི་འབྲེལ་སྲིད་ཇུས་ཀྱི་ཕྱོགས་འགལ་གྱི་དབང་གིས་མངོན་གསལ་དོད་པོས་ཇེ་སྡུག་ཏུ་སོང་ཡོད།  ད་ལོར་ཧང་ག་རིའི་སྲིད་གཞུང་གསར་པས་སྲིད་སྐྱོང་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་ཕྱིན།

བསོད་དོན་གྱིས་བསྒྱུར།