​ཁུའུ་ཧྲི་ན་ཡིས་ཨུ་རུ་སུ་ཡོ་རོབ་ཕྱོགས་མང་གྲོས་མོལ་ནང་ཞུགས་པར་མོས་མཐུན་བྱུང་བ་བསྟན།
ཁུངས། ཀློག་གྲངས།

ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་མག་པ་ཁུའུ་ཧྲི་ན་ཡིས་ཚེས19ཉིན་པེར་ལིན་དུ་བསྟན་དོན། ཨུ་རུ་སུ་ཡོ་རོབ་ཕྱོགས་མང་གྲོས་མོལ་ནང་ཞུགས་རྒྱུར་མོས་མཐུན་བྱུང་།

ཉིན་དེར་ཚོགས་པའི“དང་བླངས་མནའ་འབྲེལ”གྱི་ཚོགས་འདུའི་རྗེས་སུ། ཁུའུ་ཧྲི་ན་ཡིས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་དང་ལྷན་དུ་གསར་འགོད་པའི་ཚོགས་འདུར་ཞུགས་སྐབས། ཡོ་རོབ་དང་ཨུ་རུ་སུ་བར་གྱི་ཐད་ཀར་གླེང་མོལ་ཡང་བསྐྱར་འགོ་རྩོམ་རྒྱུ་དེ་བས་གལ་འགངས་ཆེ་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་རེ་ཞུ་ལ་ཉན་རྒྱུ་ཡིན་པ་བསྟན། ཁོས་ཨུ་རུ་སུ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ《ནུབ་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས》ཀྱི་དོན་ཚན་ལྔ་པའི་ཐུན་མོང་འགོག་སྲུང་དོན་ཚན་གྱི་བདེ་འཇགས་འགན་སྲུང་ཐོབ་པར་ཁས་ལེན་བྱེད་པ་དང་ཆབས་ཅིག་འཁྲུག་རྩོད་གསར་པ་མི་འབྱུང་བའི་འདུན་པ་ཡོད་ཚུལ་བསྟན། 

ཁུའུ་ཧྲི་ན་ཡིས་ནན་བཤད་བྱས་དོན། འབྲེལ་ཡོད་བདེ་འཇགས་འགན་སྲུང་ལ་ལྟ་སྐུལ་ཞིབ་བཤེར་དང་ཟིལ་གནོན་སོགས་འདུས་པའི་བྱེད་ཐབས་ཀྱི་རྐྱེན་སྲོལ་ཆ་ཚང་ཞིག་འཛུགས་དགོས་ཤིང་། འདི་ནི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཐི་ལིང་ཕུའུ་ཡིས་ཀྱང་དེར་བསམ་བློ་གཏོང་བཞིན་ཡོད་མོད། འོན་ཀྱང་སྔོན་འགྲོའི་ཆ་རྐྱེན་ནི་ངེས་པར་དུ་ཨ་རིའི་ཁེ་ཕན་དང་མཐུན་དགོས།

“དང་བླངས་མནའ་འབྲེལ”ནི་དབྱིན་ཧྥ་རྒྱལ་ཁབ་གཉིས་ཀྱིས་སྣེ་ཁྲིད་དེ་བཙུགས་པ་ཡིན་ལ། དེ་ནི་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁས་བླངས་པའི་རྒྱལ་ཁབ་ཀྱི་སྡེ་ཚོགས་ཤིག་ཡིན་ཞིང་། ཨ་རི་དང་ཡོ་རོབ་མནའ་འབྲེལ་ཚང་མ་དེའི་ཁོངས་སུ་མི་གཏོགས། ཡིན་ནའང་ཨ་རིའི་སྲིད་འཛིན་གྱི་ཆེད་བསྐོས་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སི་ཐ། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨེན་བཅས་དང་། དེ་བཞིན་བྱང་ཆིངས་ཀྱི་དྲུང་ཡིག་ཆེན་མོ་མཱ་ཁི·ལུའེ་ཐི་ཡང་ཉིན་དེའི་ཚོགས་འདུར་ཞུགས།

དེའི་སྔོན་ལ་ཨུ་རུ་སུའི་སྲིད་འཛིན་ལས་རོགས་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས16ཉིན་བསྟན་དོན། ཨུ་རུ་སུ་དང་ཨ་རི། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་མུ་མཐུད་ནས་འཚོག་རྒྱུ་ཡིན་ཞིང་། “གྲོས་མོལ་གྱི་གཞི་ཁྱོན་ཆེ་རུ་གཏོང་བ”དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་དེའི་ནང་ཞུགས་པར་བསྡུ་ལེན་བྱེད་མིན་ཐད། ཁོས་ཨུ་རུ་སུ་ཕྱོགས་ཀྱིས་ཕྱོགས་གང་ལ་ཡང་གྲོས་མོལ་བྱས་མེད་པ་བསྟན།