ཐི་ལིང་ཕུའུ་ཡིས་ལོ་གསར་པའི་སྔོན་ལ་དབྱི་ལང་གི་བྱ་སྤྱོད་ཐད་བྲེལ་འཚུབ་ཀྱིས་ཐག་གཅོད་མི་བྱེད་པ་བསྟན།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།
ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས19ཉིན་བསྟན་དོན།  ལོ་གསར་པ་མ་ཐོན་གོང་ལ་ཁོས་དབྱི་ལང་གནད་དོན་ཐད་ཀྱི་ཐེངས་རྗེས་མའི་བྱ་སྤྱོད་ལ་བྲེལ་འཚུབ་ཀྱིས་ཐག་གཅོད་བྱེད་མི་སྲིད། 
ཐི་ལིང་ཕུའུ་ཡིས་ཚེས19ཉིན་ཨ་རིའི་ཨ་ཁི་ཞིས་ཨའོ་སི་གསར་འགྱུར་དྲ་བས་སྐུད་ལམ་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།  ཁོས་དབྱི་ལང་གི་གནད་དོན་ཐད་འབྲེལ་འཚུབ་ཀྱིས་ཐག་གཅོད་ཅི་ཡང་མི་བྱེད་པ་དང་ང་ཚོས་ལོ་གསར་པའི་རྗེས་ཀྱི་གནས་བབ་ཇི་ལྟར་འཕེལ་རྒྱས་འགྲོ་བར་བལྟ།  
ཨ་ཁི་ཞིས་ཨའོ་སི་གསར་འགྱུར་དྲ་བས་དབྱེ་ཞིབ་བྱས་པ་ལྟར་ན།  ཐི་ལིང་ཕུའུ་ཡིས་གླེང་བའི་དུས་ཚོད་ཀྱི་མཚམས་དེས་ཕལ་ཆེར་ཨ་རིས་དབྱི་ལང་ལ་ལག་བསྟར་བྱས་པའི་མཚོ་ཐོག་བཀག་སྡོམ་དང་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་པའི་བྱ་སྤྱོད་ལ་དུས་ཚོད་སྔར་ལས་མང་པོ་བཞག་སྟེ་བྱེད་ནུས་འདོན་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་མཚོན། འདིས་ཀྱང་གལ་ཏེ་དབྱི་ལང་གིས་ད་ལོའི་ལོ་མཇུག་ཏུ་བསམ་ཤེས་མ་བྱས་ཚེ་ཐི་ལིང་ཕུའུ་ཡིས་དམངས་གཙོ་ཏང་གིས་སྟངས་འཛིན་བྱས་པའི་སྐབས་གསར་པའི་རྒྱལ་ཚོགས་ཀྱིས་དངོས་སུ་འགན་འཁུར་བའི་སྔོན་ལ་རང་ཉིད་ལ་དུས་ཚོད་འདང་ངེས་ཤིག་བཞག་སྟེ་དམག་དོན་བྱ་སྤྱོད་སྤེལ་རྒྱུའི་རེ་བ་བྱེད་བཞིན་ཡོད། 
གསར་འགྱུར་ལས་ད་དུང་བཤད་རྒྱུར།  ཐི་ལིང་ཕུའུ་ལ་མིག་སྔར་དབྱི་སི་རལ་གྱི་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལས་ཐོན་པའི་གནོན་ཤུགས་ཆེན་པོར་འཕྲད་ཡོད་པ་དང་།  ཕྱི་མས་ཁོ་ལ་མྱུར་དུ་དབྱི་ལང་ལ་ཐག་གཅོད་རང་བཞིན་གྱི་འགད་གཏོར་བྱ་སྤྱོད་ཐེངས་ཤིག་སྤེལ་རྒྱུར་སྐུལ་འདེབས་བྱས།  གནས་ཚུལ་ཤེས་རྟོགས་མཁན་གྱིས་བཤད་པ་ལྟར་ན།  ཕོ་བྲང་དཀར་པོ་ཕྱོགས་ནས་ཟུར་ལྔའི་ཐོག་ཁང་ཆེན་མོ་དང་གསང་འཕྲིན་ཆེད་མཁས་པར་ཨ་རིའི་དམག་གིས་གཏན་འབེབས་བྱས་པའི་རྡུང་རྡེག་ཇུས་གཞིར་དབྱི་ལང་གིས་ཇི་ལྟར་གདོང་གཏོད་རྒྱུའི་དཔྱད་འཇོག་བྱེད་དགོས་པའི་བླང་བྱ་བཏོན།    

གསར་འགྱུར་ལྟར་ན་དབྱི་སི་རལ་གསང་འཕྲིན་དང་དམིགས་བསལ་ལས་སྒྲུབ་ཅུས་ཀྱི་ཅུས་ཀྲང་ཀི་ཧྥུའུ་མན་གྱིས་ཚེས13ཉིན་ཨ་རིར་འཚམས་འདྲི་བྱས་ཤིང་།  ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་ལཱ་ཐི་ཁི་ལེ་ཧྥུའུ་དང་ཨ་རིའི་སྲིད་འཛིན་གྱི་ཆེད་བསྐོས་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་གྲོས་མོལ་བྱས།  དབྱི་སི་རལ་གྱི་ཆ་འཕྲིན་མི་སྣས་བཤད་པ་ལྟར་ན།  ཀི་ཧྥུའུ་མན་གྱིས་ཐེངས་འདིའི་ཨ་རིར་འཚམས་འདྲི་བྱས་པའི་དམིགས་བྱ་ནི་དབྱི་ལང་གི་དམག་འཁྲུག་བསྐྱར་དུ་འགོ་རྩོམ་པར་སྐུད་འདེད་གཏོང་ཆེད་རེད།  

བསོད་དོན་གྱིས་བསྒྱུར།