ཨུ་རུ་སུའི་གྲུ་གཟིངས་ལ་ལི་པི་ཡའི་མཚོ་ཁོངས་སུ་འཇབ་རྒོལ་ཐེབས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱིས་དེར་དོ་སྣང་ཆེན་པོ་བྱས།
ཁུངས། ཀྲུང་དབྱང་གསར་འགྱུར་མཉམ་སྒྲོག ཀློག་གྲངས།

ཚེས22ཉིན། ལི་པི་ཡའི་ཤར་རྒྱུད་ཀྱི་པན་ཅ་ཞིའི་མཚོ་དམག་རྟེན་གཞིར་སྡོད་པའི་ཨུ་རུ་སུའི་གྲུ་གཟིངས་ཤིག་ལ་འཇབ་རྒོལ་ཐེབས་ནས་མེར་ཤོར། ལི་པི་ཡའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། མེ་སྐྱོན་ཚོད་འཛིན་ཐུབ་ནས་གྲུ་ཁ་དང་རྟེན་གཞིའི་སྒྲིག་བཀོད་བདེ་འཇགས་ཡིན་པ་རེད། ཚེས22ཉིན་གྱི་དགོང་མོར། ཡང་ཚོང་གྲུ་ཞིག་ལ་པན་ཅ་ཞི་ཡི་མཚོ་འགྲམ་དུ་མི་མེད་གྲུས་འཇབ་རྒོལ་ཐེབས་ནས་མི་ཁག་ཅིག་ལ་རྨས་ཕོག ཉིན་དེར་ལི་པི་ཡའི“རྒྱལ་དམངས་དམག”གིས་མི་མེད་གྲུ་གཟིངས་མང་པོ་བཀག་པ་རེད།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལེན་སི་ཅི་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ལི་པི་ཡའི་མཚོ་རྒྱུད་དུ་མི་མེད་གྲུ་གཟིངས7སྤྱད་དེ་ཨུ་རུ་སུའི“ཆུ་སྐར”རྟགས་ཅན་གྱི་སྲུང་སྐྱེལ་དམག་གྲུ་ཆུར་བསྣུབས་སུ་བཅུག་པ་མ་ཟད། ཨུ་རུ་སུའི་ཟོང་འདྲེན་གྲུ་གཟིངས་ཤིག་ལ་རྡུང་རྡེག་བཏང་།  ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཚེས22ཉིན་གནས་ཚུལ་སྤེལ་བ་ལྟར་ན། ལི་པི་ཡར་བཅའ་སྡོད་བྱས་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་ཨ་ཅ་ཉིང་གིས་ཝུའུ་ཁི་ལན་གྱིས་གདོང་ཐུག་གི་ས་ཁམས་ཁྱབ་ཁོངས་རྒྱ་ཆེར་གཏོང་རྩིས་བྱེད་ཀྱིན་ཡོད་པར་བཤད་པ་དང་། ཨུ་རུ་སུས་དེའི་ཐད་ཨ་ལན་སློག་རྒྱུ་རེད།

ཚེས23ཉིན་མཉམ་འབྲེལ་རྒྱལ་ཚོགས་ལི་པི་ཡའི་རོགས་སྐྱོར་ཚོགས་པས་འབྲེལ་ཡོད་འཇབ་རྒོལ་དོན་རྐྱེན་ལ་དོ་ཁུར་ཆེན་པོ་བྱས་ནས།  འཕྲལ་མར་རང་ཚུགས་དང་ཕྱི་གསལ་ནང་གསལ་གྱི་བརྟག་དཔྱད་བྱས་ཏེ། ཕྱོགས་སོ་སོས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བཟོད་སྒོམ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཚེས22ཉིན་ཧྥིན་ལན་གྱི་སྲིད་འཛིན་སི་ཐུའུ་པུའུ་ཡིས་བཤད་རྒྱུར། ཧྥིན་ལན་མཚོ་ཁུགས་ཀྱི་རྒྱལ་སྤྱིའི་ཆུ་ཁོངས་སུ་མི་མེད་གནམ་གྲུས་འཇབ་རྒོལ་ཐེབས་པའི་ཨུ་རུ་སུའི་ཟོང་འདྲེན་གྲུ་གཟིངས་དེ་ཧྥིན་ལན་གྱི་ཆུ་ཁོངས་ནས་ཕྱིར་འཐེན་བྱས་ཡོད་ཅེས་བཤད་པ་རེད། གྲུ་འདིར་ཚེས་ཉེར་གཅིག་ཉིན་འཇབ་རྒོལ་ཐེབས་པ་དང་། གྲུ་པ་ཨུ་རུ་སུའི་གྲུ་གཟིངས་གཞན་ཞིག་ཏུ་ཕྱིར་འཐེན་བྱས་པ་དང་ཟོང་འདྲེན་གྲུ་གཟིངས་ཧྥིན་ལན་གྱི་མངའ་ཁོངས་སུ་གཡེང་ཡོད། དེའི་རྗེས་སུ་ཧྥིན་ལན་དང་། ཨུ་རུ་སུ། ཨེ་སོ་ནི་ཡ་བཅས་ནས་ཡོང་བའི་གྲུ་གཟིངས་བདུན་མཉམ་དུ་མེ་གསོད་ནང་ཞུགས་པ་རེད། ཧྥིན་ལན་གྱི་དམག་ཕྱོགས་ཀྱིས་ཟོང་འདྲེན་གྲུ་གཟིངས་དེར་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུས་འཇབ་རྒོལ་ཐེབས་པ་འདྲ་ཞེས་བཤད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་དེར་གནས་སྐབས་སུ་ལན་བཏབ་མེད།