ལི་པི་ཡའི་ཕྱོགས་མང་པོས་ཝུའུ་ཁི་ལན་གྱིས་ལི་པི་ཡའི་མཚོ་འགྲམ་དུ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཐི་རི་ཕོ་ལི་ཡི་གནས་ཚུལ་ལྟར་ན། ལི་པི་ཡའི་ཕྱོགས་མང་པོས་ཚེས23ཉིན་ཝུའུ་ཁི་ལན་གྱིས་ལི་པི་ཡའི་ཤར་རྒྱུད་ཀྱི་གྲོང་ཁྱེར་པན་ཅ་ཞི་ཡི་གྲུ་ཁ་དང་དེའི་ཉེ་འགྲམ་གྱི་མཚོ་ཁོངས་ཀྱི་གྲུ་གཟིངས་ལ་དམིགས་ནས་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་ནས། འབྲེལ་ཡོད་འགན་འཁྲི་བདའ་འདེད་བྱེད་རྒྱུ་མ་ཟད། བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་བྱེད་པའི་བླང་བྱ་བཏོན་ཡོད་ཟེར།

ལི་པི་ཡའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མན་ཧྥེ་ཡིས་གསལ་སྒྲོག་ཅིག་ལས་བསྟན་དོན། ཐེངས་འདིའི་འཇབ་རྒོལ་གྱིས་ལི་པི་ཡའི་བདག་དབང་དང་གཏན་འཇགས་ལ་འཇིགས་སྣང་སྐུལ་བ་དང་། ས་དབུས་རྒྱ་མཚོའི་ས་ཁོངས་ཀྱི་བདེ་འཇགས་དང་མཚོ་ཐོག་ཉོ་ཚོང་སྐྱེལ་འདྲེན་ལམ་ཐིག དེ་བཞིན་ནུས་ཁུངས་མཁོ་འདོན་བཅས་ལ་ཉེན་ཁ་བཟོས་ཡོད་ཟེར། ལི་པི་ཡ་ཡིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་ལྟར། དོན་རྐྱེན་འདིར་དམིགས་ནས་ཞིབ་བཤེར་བྱ་རྒྱུ་རེད་ཟེར།

ཨུ་ཡོན་ལྷན་ཁང་དེའི་ཀྲུའུ་ཞི་གཞོན་པ་མུའུ་སཱ་ཁུའུ་ཉི་ཡིས་བསྟན་དོན། ཝུའུ་ཁི་ལན་གྱིས་འཇབ་རྒོལ་ལ་ཡོངས་སུ་འགན་འཁུར་དགོས་ཟེར། ཁོས་ཐེངས་འདིའི་འཇབ་རྒོལ་དེ་ལི་པི་ཡ་ལ་དམིགས་པའི་བཙན་འཛུལ་གྱི་བྱེད་ཐབས་ཤིག་ཡིན་པར་གཏན་འཁེལ་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྲེལ་མྱུར་ཚོགས་འདུ་བསྡུ་དགོས་པའི་འབོད་སྐུལ་བཏང་།

ལི་པི་ཡིའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་བསྐོ་གཞག་བྱས་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁས་མ་བླངས་པའི་ཤར་རྒྱུད་སྲིད་གཞུང་གི་ཙུང་ལི་ཝུའུ་ས་མ་ཧ་མ་ཏི་ཡིས་ཉིན་དེར་སྒེར་ཚུགས་དང་བྲེལ་མྱུར་གྱི་རྒྱལ་སྤྱིའི་ཞིབ་བཤེར་གྱི་འགོ་རྩོམ་དགོས་པ་མ་ཟད། གྱོད་གཞི་བཟོ་མཁན་གྱི་འགན་འཁྲི་བདའ་འདེད་གཏོང་བའི་འབོད་སྐུལ་བཏང་།

ལི་པི་ཡའི་མི་རིགས་གཅིག་གྱུར་སྲིད་གཞུང་གི་ཕྱི་འབྲེལ་པུའུ་དང་ལི་པི་ཡའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་འཇབ་རྒོལ་ལ་རྒོལ་གཏམ་བཏང་བ་མ་ཟད། དེས་ལི་པི་ཡའི་རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་འཚེ་བཏང་ཡོད་ཟེར།

ཚེས22ཉིན་གྱི་ནམ་སྨད། པན་ཅ་ཞིའི་མཚོ་དམག་རྟེན་གཞི་རུ་བསྡད་པའི་ཨུ་རུ་སིའི་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པ་མ་ཟད་མེས་འཚིག གཞན་ལི་པི་ཡའི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། ཚོང་གྲུ་ཞིག་ཚེས22ཉིན་གྱི་ས་སྲོད་དུ་པན་ཅ་ཞི་ཡི་མཚོ་འགྲམ་བརྒྱུད་སྐབས་འབར་གས་དངོས་རྫས་བཅུག་པའི་མི་མེད་གྲུ་གཟིངས་ཤིག་གི་འཇབ་རྒོལ་ཐེབས་ཟེར། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལན་སི་ཅི་ཡིས་ཚེས23ཉིན་ཝུའུ་ཁི་ལན་ཕྱོགས་ཀྱིས་མི་མེད་གྲུ་གཟིངས་བདུན་སྤྱད་དེ་ལི་པི་ཡའི་མཚོ་འགྲམ་དུ་ཨུ་རུ་སིའི"སྐར་མ་ལྷག་པ"རྟགས་ཅན་གྱི་དམག་སྲུང་གྲུ་གཟིངས་ཤིག་ནུབ་པར་བྱས་པ་བདེན་དཔང་བྱས།

2011ལོར་ཁཱ་ཀྲ་ཧྥེ་ཡི་སྲིད་དབང་མགོ་རྟིང་བསློགས་རྗེས། ལི་པི་ཡ་ཟིང་ཆའི་གནས་སུ་ལྷུང་། མིག་སྔར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་ཐོབ་པའི་མི་རིགས་གཅིག་གྱུར་སྲིད་གཞུང་དང་དེར་རྒྱབ་སྐྱོར་བྱེད་པའི་དྲག་ཆས་སྟོབས་ཤུགས་ཀྱིས་ལི་པི་ཡའི་ནུབ་རྒྱུད་ཀྱི་ས་ཁུལ་ཁ་ཤས་ལ་ཚོད་འཛིན་བྱས་པ་དང་། རྒྱལ་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་དམངས་དམག་དཔུང་གིས་མནའ་འབྲེལ་བཙུགས་ཏེ། ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཤས་ལ་ཚོད་འཛིན་བྱས་པ་དང་། ཕྱོགས་གཉིས་བཅད་བཟུང་གིས་འགལ་ཟླར་ལངས།