
འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ཚེས23ཉིན་བསྟན་དོན། ཡོ་རོབ་ཀྱིས་ཨུ་རུ་སུ་དང་མཉམ་དུ་གྲོས་མོལ་བྱེད་རྒྱུར་གྲ་སྒྲིག་བྱས་ཡོད་པ་དང་། ཝུའུ་ཁི་ལན་གནད་དོན་གྱི་བློ་འདོན་རིམ་པའི་ཞི་བའི་གྲོས་མོལ་དེ་ཉེ་ཆར་ཡང་བསྐྱར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པེ་ནས་སྤེལ་རྒྱུ་ཡིན་ལ། ཝུའུ་ཁི་ལན་དང་ཨུ་རུ་སུ། ཡོ་རོབ། ཨ་རི་བཅས་གྲོས་མོལ་ཁྲོད་ཞུགས་རྒྱུ་རེད།
མའོ་ཚི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལུའི་ཐི་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། ཝུའུ་ཁི་ལན་ལ་ནུབ་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་ཀྱི་དོན་ཚན་ལྔ་པའི་ཐུན་མོང་འགོག་སྲུང་དོན་ཚན་ལྟ་བུའི་བདེ་འཇགས་འགན་སྲུང་མཁོ་བ་རེད། དོན་ཚན་དེ་ལྟར་ན། ཆིངས་ཡིག་བཞག་པའི་རྒྱལ་ཁབ་གཅིག་གམ་དང་ཁ་ཤས་ལ་དྲག་ཆས་ཕར་རྒོལ་བྱས་ཚེ། ཆིངས་ཡིག་བཞག་པའི་རྒྱལ་ཁབ་ཡོངས་རྫོགས་ལ་ཕར་རྒོལ་བྱས་པར་བརྩིས་པ་རེད། མའོ་ཚི་ཡིས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་འཁྲུག་རྩོད་མཇུག་བསྒྲིལ་རྗེས་ཝུའུ་ཁི་ལན་ཕྱོགས་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་དང་། འགན་སྲུང་དེའི་རིགས་ཀྱི་ཤུགས་ཚད་དེ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་དང་ཧ་ཅང་ཉེ་པོ་ཡོང་བའི་རེ་བ་བཅངས་ཡོད་ཟེར།
ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་མདུན་ལྗོངས་གླེང་སྐབས་ལུའི་ཐི་ཡིས་བསྟན་དོན། ངེས་པར་དུ་ཐོག་མར་ཞི་བའི་གྲོས་མོལ་དངོས་སྤེལ་དགོས། ཡོ་རོབ་ཀྱི་གྲོགས་པོས་ཨ་རི་དང་ཝུའུ་ཁི་ལན་ཕྱོགས་ལ་མཐུན་སྦྱོར་དམ་ཟབ་བྱེད་བཞིན་ཡོད་པ་དང་། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་ཐུབ་མིན་གྱི་གནད་དོན་དེ་མཇུག་མཐར་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཐག་གཅོད་དགོས།
དུས་ཡུན་ཉིན་གཉིས་ཀྱི་ཨུ་རུ་སུ་དང་ཨ་རི། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་དེ་ཚེས11ཉིན་ཨ་པུའུ་ཀྲ་པེ་ནས་མཇུག་བསྒྲིལ་བ་དང་། ཕྱོགས་སོ་སོས་གཞི་རྒྱ་ཆེ་བའི་སྒོ་ནས་བཟུང་མི་བརྗེ་སྤོར་བྱེད་པར་གྲོས་ཡིག་བཀོད་མོད། འོན་ཀྱང་འཁྲུག་རྩོད་མཇུག་སྒྲིལ་བ་དང་མངའ་ཁོངས་རྩོད་གླེང་། ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་། དེ་བཞིན་ཡོ་རོབ་ཀྱི་མ་འོངས་པའི་བདེ་འཇགས་སྒྲོམ་གཞི་སོགས་གནད་དོན་གཙོ་བོའི་ཐད་སྔར་བཞིན་འགལ་བ་ཚབས་ཆེན་གནས་ཡོད།
ཨུ་རུ་སུའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁུ་ཧྥུའུ་ཡིས་ཚེས23ཉིན་ཨུ་རུ་སུའི་གསར་འགྱུར་ཁང་ལ་བཤད་རྒྱུར། སྐོར་གསར་པའི་ཨུ་རུ་སུ་དང་ཨ་རི། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་མི་འགྱངས་པར་སྤེལ་རྒྱུ་ཡིན་པ་དང་། མིག་སྔར་སྔར་བཞིན་ཨ་པུའུ་ཀྲ་པེ་ནས་སྤེལ་རྒྱུའི་བསམ་བློ་གཏོང་བཞིན་ཡོད་ལ། བྱེ་བྲག་གི་དུས་ཚོད་ད་རུང་གཏན་འཁེལ་བྱས་མེད།