ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྐོར22པའི་ཨུ་རུ་སུར་དམིགས་པའི་བཀག་སྡོམ་ཇུས་གཞི་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལེ་ཨུན་གྱིས་ཚེས23ཉིན་ཧྥ་རན་སིའི་སི་ཐི་ལ་སི་པོ་རུ་ཁྱབ་བསྒྲགས་བྱས་དོན།   ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྐོར22པའི་ཨུ་རུ་སུར་དམིགས་པའི་བཀག་སྡོམ་ཇུས་གཞི་བཏོན་པ་དང་།  དངུལ་རྩ་དང་ནུས་ཁུངས། ལུས་རྩལ་སོགས་ཁྱབ་ཁོངས་སུ་བཀག་སྡོམ་བྱེད་ཐབས་རྒྱ་བསྐྱེད་བཏང་ཡོད།

ཧྥིན་ཏི་ལེ་ཨུན་གྱིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨུ་རུ་སུའི་དངུལ་ཁང60ཙམ་གོ་ལའི་དངུལ་ཁང་གི་དངུལ་རྩའི་འཕྲིན་གཏོང་མཐུན་ཚོགས་ཀྱི་མ་ལག་ལས་ཕྱིར་ཕུད་པར་མ་ཟད།  གསང་སྣོན་དངུལ་ལོར་སྟེགས་བུ་དང་གཏོང་སྤྲོད་དྲ་རྒྱའི་བཀག་སྡོམ་ལ་ཤུགས་སྣོན་རྒྱུ་རེད།  ཁོ་མོས་བསྟན་དོན།   ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ད་རུང་ཨུ་རུ་སུའི་ཕྱོགས་བཀག་སྡོམ་ལས་གཡོལ་བར་གཞོགས་འདེགས་བྱེད་པའི་རྒྱལ་ཁབ་དག་རྡུང་རྡེག་གཏོང་སའི་ཁྱབ་ཁོངས་སུ་འཇོག་རྒྱུ་ཡིན་པ་དང་།  གསང་སྣོན་དངུལ་ལོར་བཀག་སྡོམ་བྱ་བའི་ཚན་ཆུང་བཙུགས་ཏེ་འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་བྱེད་པར་རོགས་འདེགས་བྱེད་རྒྱུ་རེད།

ནུས་ཁུངས་ཕྱོགས་ནས།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ནུས་ཁུངས་ཞབས་ཞུའི་བཀག་སྡོམ་བཀའ་རྒྱ་རྒྱ་བསྐྱེད་དེ་ཡོ་རོབ་གླིང་གི་ཁེ་ལས་ཀྱིས་ཨུ་རུ་སུ་ཕྱོགས་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་།  ཞིག་གསོ་བཅས་བྱེད་པར་རོགས་བྱེད་པར་གཏན་འགོག་བྱེད་རྒྱུ་ཡིན་པ་དང་། ལྷག་པར་དུ་སྣུམ་སྦྱང་བཟོ་གྲྭར་རོགས་སྐྱོར་བྱེད་པར་གཏན་འགོག་བྱེད་རྒྱུ་རེད།   ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཐེངས་དང་པོར་གློག་ཤུགས་ཞབས་ཞུ་བཀག་སྡོམ་བཀའ་རྒྱའི་ཁྱབ་ཁོངས་སུ་འཇོག་རྒྱུ་ཡིན་པ་དང་། ད་རུང་གྲུ་གཟིངས70ལྷག་ཨུ་རུ་སུའི“གྲིབ་གཟུགས་དམག་གྲུ”ཞེས་པའི་བཀག་སྡོམ་མིང་ཐོའི་ནང་འཇོག་རྒྱུ་མ་ཟད།   ཨུ་རུ་སུའི་ཉེན་འགོག་འགན་སྲུང་ནང་ཞུགས་པའི་སྣུམ་གྲུ་ཡོད་ཚད་ལ་བཀག་སྡོམ་བཀའ་རྒྱ་ལག་བསྟར་བྱེད་རྒྱུ་རེད།

ལུས་རྩལ་དང་རིག་གནས་ཀྱི་ཕྱོགས་ནས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཡོ་རོབ་མནའ་འབྲེལ་ས་ཁོངས་སུ་སྤེལ་བའི་ལུས་རྩལ་འགྲན་སྡུར་ཁྲོད་ཨུ་རུ་སུའི་རྒྱལ་དར་དང་བཅས་པའི་ཨུ་རུ་སུའི་ཕྱོགས་ཀྱི་གཞུང་ཕྱོགས་མཚོན་རྟགས་འབྱུང་བར་བཀག་འགོག་བྱས་ཏེ། ཨུ་རུ་སུའི་རོགས་འདེགས་ཚོང་པས་ཡོ་རོབ་གླིང་དུ་བཙུགས་པའི་ལུས་རྩལ་དང་རིག་གནས་མཐུན་ཚོགས་ལ་མ་དངུལ་འདོན་སྤྲོད་བྱེད་པར་ཚོད་འཛིན་དང་། ཨུ་རུ་སུའི་སྤྱི་དམངས་ཀྱིས་ཡོ་རོབ་གླིང་གི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་བཅོས་སྐྱོང་ལས་ཁུངས་སུ་ལས་འགན་འཁུར་བར་ཚོད་འཛིན་བྱ་རྒྱུ་རེད། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྔོན་ཆད་ཨུ་རུ་སུར་དམག་འཁྲུག་ལ་ཞུགས་པའི་མི་སྣ་ཡོ་རོབ་མནའ་འབྲེལ་གྱི་ས་ཁོངས་སུ་ཡོང་བར་བཀག་འགོག་དང་། ཡོ་རོབ་གླིང་སྤྱི་དམངས་ཀྱིས་ཨུ་རུ་སུའི་ནང་ཁུལ་ཁེ་ལས་ཀྱི་བཅོས་སྐྱོང་ལས་ཁུངས་སུ་མུ་མཐུད་དུ་ལས་འགན་འཁུར་བར་བཀག་འགོག་བྱེད་པའི་གྲོས་གཞི་བཏོན།

ཧྥིན་ཏི་ལེ་ཨུན་གྱིས་བསྟན་དོན། སྐོར་ཐེངས་གསར་པའི་བཀག་སྡོམ་གྱི་དམིགས་ཡུལ་ནི་ཨུ་རུ་སུའི་ཕྱོགས་ལ་མུ་མཐུད་དུ་གནོན་ཤུགས་སྤྲད་དེ། དེའི་ཝུའུ་ཁི་ལན་གྱི་དམག་དོན་འགུལ་སྐྱོད་མཇུག་བསྒྲིལ་བར་སྐུལ་འདེད་གཏོང་ཆེད་ཡིན་ཟེར།


ལྷ་མོ་ཚེ་རིང་དང་ལྷ་མོ་འཚོ་གཉིས་ཀྱིས་བསྒྱུར།