གོ་ལ་ཧྲིལ་པོའི་རྒྱ་མཚོའི་བར་སྟོང་འཆར་འགོད་ཚོགས་ཆེན་གྱིས་རྒྱ་མཚོའི་རྒྱུན་མཐུད་བེད་སྤྱོད་གཙོ་གནད་དུ་བཟུང་།
ཁུངས། ཀློག་གྲངས།

2026ལོར་གོ་ལ་ཧྲིལ་པོའི་རྒྱ་མཚོའི་བར་སྟོང་འཆར་འགོད་ཚོགས་ཆེན་དང་དངོས་མང་འགྲེམ་ཚོགས་དེ་ཚེས25ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་ཚོགས་འགོ་བརྩམས་པ་དང་། ཚོགས་ཆེན་ལས་རྒྱ་མཚོའི་བར་སྟོང་འཆར་འགོད་དང་། རྒྱ་མཚོའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་བྱེད་པ། དེ་བཞིན་གོ་ལ་ཧྲིལ་པོའི་རྒྱ་མཚོ་བཅོས་སྐྱོང་མཉམ་ལས་བཅས་ལ་དམིགས་ཡོད།

ཧིན་རྡུ་ཉི་ཞི་ཡའི་རྒྱ་མཚོའི་ཉ་ལས་པུའུ་ཀྲང་ཐི་ལོན་ཀི་ནུའོ་ཡིས་འགོ་རྩོམ་མཛད་སྒོའི་སྟེང་བསྟན་དོན། རྒྱ་མཚོའི་བར་སྟོང་འཆར་འགོད་ནི་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་། མང་ཚོགས་ཀྱི་བདེ་སྐྱིད་ལེགས་བསྒྱུར། རྒྱ་མཚོའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་རྒྱ་མཚོའི་ལས་དོན་གྱི་ཆེད་བསྐོས་ཕོ་ཉ་པིས་ཏི·ཐང་མུའུ་སིན་གྱིས་བརྙན་ལམ་གྱི་ཤིས་ཚིག་ཁྲོད་བསྟན་དོན། རྒྱ་མཚོའི་བར་སྟོང་འཆར་འགོད་དེ་གོ་ལ་ཧྲིལ་བོའི་རྒྱ་མཚོ་བཅོས་སྐྱོང་བྱེད་པའི་ལག་ཆ་གཙོ་བོར་གྱུར་ཡོད་པས། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱ་མཚོའི་བར་སྟོང་འཆར་འགོད་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྲིད་གཞུང་བར་གྱི་རྒྱ་མཚོ་རིག་པའི་ཨུ་ཡོན་ལྷན་ཁང་གི་ཞི་བདེ་རྒྱ་མཚོ་ཆེན་མོ་ནུབ་མའི་ས་ཁུལ་གྱི་ཀྲུའུ་རེན་ཀྲུའུ་ཝུན་ཞི་ཡིས་བཤད་རྒྱུར། རྒྱ་མཚོའི་བར་སྟོང་འཆར་འགོད་ཀྱིས་གཏན་འཁེལ་རང་བཞིན་ཇེ་ཆེར་གཏོང་བ་དང་འགལ་བ་ཇེ་ཉུང་དུ་གཏོང་ཐུབ་པ་མ་ཟད། འགན་འཁུར་བའི་དངུལ་གཏོང་ལ་ཁྲིད་སྟོན་ཡང་བྱེད་ཐུབ། ངེས་པར་དུ་ཚན་རིག་མཛུབ་སྟོན་དུ་བཟུང་སྟེ་རྒྱ་མཚོའི་བར་སྟོང་འཆར་འགོད་བྱས་ཏེ། ས་གནས་ཀྱི་སྡེ་ཁུལ་ལ་བརྩི་འཇོག་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། དེའི་ཁྲོད་ནས་འགྲམ་རྒྱུད་སྡེ་ཁུལ་ལ་ཕན་ཁེ་བསྐྲུན་དགོས།

ཐེངས་འདིའི་ཚོགས་ཆེན་དང་དངོས་མང་འགྲེམ་ཚོགས་དེ་ཧིན་རྡུ་ཉི་ཞི་ཡའི་རྒྱ་མཚོའི་ཉ་ལས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། དུས་ཡུན་ཉིན་གསུམ་ཡིན། ཧིན་རྡུ་ཉི་ཞི་ཡ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་གླིང་ཚོམ་རྒྱལ་ཁབ་ཅིག་ཡིན་ལ། ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་བར་དུ་གནས་པ་དང་། དེ་ནི་གོ་ལ་ཧྲིལ་པོའི་རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཀྱི་གྲས་ཤིག་རེད།