ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་སོ་ཏི་ཨ་རབ་ཀྱི་གྲུ་ཁ་གཉིས་ལ་འཇབ་རྒོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

སཱ་ན་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་ཚེས25ཉིན་ཁྱབ་བསྒྲགས་བྱས་ཏེ། རྩ་འཛུགས་འདིས་སོ་ཏི་ཨ་རབ་ཀྱི་ཅི་ཏ་གྲུ་ཁ་དང་ཅི་ཙན་གྲུ་ཁ་གཉིས་ལ་འཇབ་རྒོལ་བྱས་ཤིང་། སོ་ཏི་ཨ་རབ་ཀྱིས་ཡེ་མེན་གྱི་མཚོ་དམར་གྲུ་ཁ་ཧི་ཐེ་ཏ་ལ་མཁའ་རྒོལ་བྱས་པར་རྒོལ་ལན་སྤྲད་པ་ཡིན་ཟེར།

ཧུའུ་སའེ་དྲག་ཆས་ཀྱི་དམག་དོན་མགྲིན་ཚབ་པ་ཡེ་ཧའེ་ཡ་ས་ལེ་ཡ་ཡིས་ཉིན་དེར་རྩ་འཛུགས་དེས་ཚོད་འཛིན་བྱས་པའི་མ་ཞིས་ལ་བརྙན་འཕྲིན་ལས་ཁུངས་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས། ད་ཐེངས་ཀྱི་འཇབ་རྒོལ་དེས་སོ་ཏི་ཨ་རབ་ནུབ་རྒྱུད་ཀྱི་ཅི་ཏ་གྲུ་ཁ་དང་ལྷོ་ནུབ་རྒྱུད་ཀྱི་ཅི་ཙན་གྲུ་ཁ་ཚང་མར་གྱོང་གུད་བཟོས་ཡོད་ཅེས་བཤད། ས་ལེ་ཡ་ཡིས་འཇབ་རྒོལ་ལ་བཀོལ་བའི་མཚོན་ཆའི་རིགས་བཤད་མེད།

ས་ལེ་ཡ་ཡིས་བཤད་རྒྱུར། གལ་ཏེ་ཧི་ཐེ་ཏ་གྲུ་ཁ་ལ་ཡང་བསྐྱར་འཇབ་རྒོལ་ཐེབས་ན། ཧུའུ་སའེ་དྲག་ཆས་ཀྱིས་འདྲ་མཉམ་གྱི་རྩ་དོན་ལྟར་མྱུར་དུ་ཐད་ཀར་གྱིས་ལན་སློག་རྒྱུ་ཡིན་ཟེར། ཁོས་ད་དུང་ཧུའུ་སའེ་དྲག་ཆས་ཀྱིས་མུ་མཐུད་དུ་སོ་ཏི་ཨ་རབ་མངའ་ཁོངས་སུ་དམག་དོན་འགུལ་སྐྱོད་སྤེལ་ནས། སོ་ཏི་ཨ་རབ་ཀྱིས་མཁའ་རྒོལ་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། ཧུའུ་སའེ་དྲག་ཆས་ཚོད་འཛིན་ཁུལ་གྱི་བཀག་སྡོམ་མེད་པར་བཟོ་རྒྱུ་ཡིན་ཞེས་བཤད།

སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གི་མགྲིན་ཚབ་པ་ཐུའུ་ཨར་ཅི·མ་ལི་ཅི་ཡིས་ཉིན་དེར་སྤྱི་ཚོགས་སྨྱན་སྦྱོར་བརྒྱུད་ནས་བཤད་རྒྱུར། ཧུའུ་སའེ་ཡིས་དྲག་ཤུགས་ལ་བརྟེན་ནས་འཕེན་གཏོང་བྱས་པའི་མདའ་མདེལ་ཅི་ཙན་གྲུ་ཁར་ཕོག་ནས། "གྱོང་གུད་ཆུང་ངུ"བཟོས་པ་དང་མང་ཚོགས་ལ་རྨས་སྐྱོན་ཕོག་མེད་ཟེར།  འབྲེལ་ཡོད་ཕྱོགས་ཀྱིས་འཕེན་གཏོང་དངོས་པོའི་རིགས་གཏན་འཁེལ་བྱེད་བཞིན་ཡོད།

2014ལོར་ཧུའུ་སའེ་ཡིས་དྲག་ཤུགས་ལ་བརྟེན་ནས་སཱ་ན་འཕྲོག་པ་དང་། ཡེ་མེན་སྲིད་གཞུང་འུ་ཐུག་ནས་ལྷོ་རྒྱུད་གྲོང་ཁྱེར་ཡ་ཏིང་དུ་གནས་སྤོ་མི་བྱེད་ཀ་མེད་བྱུང་། 2015ལོར་སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་ཡེ་མེན་གདོང་གཏུག་ནང་ཞུགས་ནས། ཡེ་མེན་སྲིད་གཞུང་གིས་ཧུའུ་སའེ་དྲག་ཆས་ལ་རྡུང་རྡེག་གཏོང་བར་རྒྱབ་སྐྱོར་བྱས་པ་རེད། ཉེ་ལམ། སོ་ཏི་ཨ་རབ་དང་ཧུའུ་སའེ་དྲག་ཆས་གཉིས་ཀྱི་ཕན་ཚུན་འཇབ་རྒོལ་བྱེད་ཤུགས་ཇེ་ཆེར་སོང་། དེ་དང་དུས་མཚུངས་སུ། ཧུའུ་སའེ་དྲག་ཆས་དང་སོ་ཏི་ཨ་རབ་ཀྱིས་རྒྱབ་སྐྱོར་བྱས་པའི་ཡེ་མེན་སྲིད་གཞུང་དམག་གིས་འཐབ་ཕྱོགས་མང་པོའི་ཁྲོད་ཀྱི་འཐབ་འཛིང་ཡང་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད།