
ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱིས་ཚེས་ལྔ་ཉིན་ཆན་ཏའོ་གླིང་ཚོམས་ཀྱི་གླིང་ཕྲན་དང་མཚོ་ཁོངས་གང་མང་ནས་གཞི་རྒྱ་ཆེ་བའི་དམག་སྣ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། ཨུ་རུ་སིའི་མེ་མདའ་དང་སྒྱོགས་མདེལ་དམག་དཔུང་དང་། མཁའ་སྲུང་དང་སྐམ་དམག་མཁའ་འགྲུལ་དམག་དཔུང་། ཞི་བདེ་རྒྱ་མཚོ་ཆེན་མོའི་གྲུ་གཟིངས་རུ་ཁག དེ་མིན་གླིང་ཕྲན་དུ་སྡོད་པའི་མཐའ་སྲུང་དམག་དཔུང་སོགས་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས།
ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱི་གསར་འགྱུར་ཅུའུ་ཡི་ཅུའུ་ཀྲང་ཀི་ཨར་ཅེ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་འཆར་གཞི་ལྟར་སྤེལ་རྒྱུ་ཡིན་པདང་། སྐབས་ཐོག་དེར་ཨུ་རུ་སིའི་མཚོ་ཁོངས་སུ་ཉེན་ཁར་འཕྲད་པའི་གྲུ་གཟིངས་རྒུད་སྐྱོབ་བྱེད་པའི་སྦྱོང་བརྡར་སོགས་འཐབ་འཁྲུག་སྦྱོང་བརྡར་གྱི་ལས་འགན་མི་འདྲ་བ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།