
ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་ཀིར་ཅེ་ཡེ་ཧྥུའུ་ཡིས་ཚེས་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སི་དང་རྒྱ་གར་གྱིས་ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་རྒྱ་གར་གྱི་མཱ་ཧཱ་ཀྲན་འབེན་ར་ནས་ཉིས་སྟོང་བཅུ་གསུམ་ལོའི་ཡུན་ཏི་ལཱ་ཞེས་པའི་མཉམ་འབྲེལ་གྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།
ཀིར་ཅེ་ཡེ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱིས་པུའུ་ལི་ཡཱ་ཐི་སྤྱི་མཐུན་རྒྱལ་ཁབ་ཏུ་བཀོད་སྒྲིག་བྱས་ཡོད་པའི་ཐོལ་རྒོལ་རུ་ཁག་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་པར་མངག་གཏོང་བྱེད་རྒྱུ་ཡིན་པ་དང་། རྒྱ་གར་ཕྱོགས་ཀྱི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་མི་གྲངས་ཨུ་རུ་སི་དང་གཅིག་མཚུངས་ཡིན། རྒྱ་གར་ཕྱོགས་ཀྱིས་དམག་དོན་སྦྱོང་བརྡར་སྐབས་སུ་བེད་སྤྱོད་བྱེད་པའི་ཐན་ཁི་འཁོར་ལོ་དང་རྐང་དམག་གི་འཐབ་འཛིང་རླངས་འཁོར་སོགས་སྒྲིག་ཆས་འདོན་སྤྲོད་བྱེད་རྒྱུ་རེད། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་ཨུ་རུ་སི་དང་རྒྱ་གར་གྱི་སྐམ་དམག་གིས་མཉམ་དུ་ཁྲིམས་འགལ་དྲག་ཆས་ཉེས་ཅན་འཚོལ་ཞིབ་དང་མཐའ་སྐོར། རྩ་མེད་དུ་གཏོང་བ་བཅས་ཀྱི་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དུ་རེད།