
ཨུ་རུ་སིའི་རྒྱལ་སྲུང་པུའུ་གསར་འགྱུར་ཅུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་མཛའ་མཐུན་འབྲེལ་ཟམ་ཞེས་པའི་ཨུ་རུ་སི་དང་ཨེ་ཅིབ་མཚོ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་ཐོག་མ་ཉིན་དེར་ས་དཀྱིལ་མཚོ་ཁུལ་ནས་མཇུག་སྒྲིལ།
ཚེས་བཅུ་གཉིས་ཉིན་ཨེ་ཅིབ་ཏུ་འབྱོར་བའི་ཨུ་རུ་སིའི་དམག་དཔུང་གི་དམག་སྤྱི་གཞོན་པ་ཧྥེ་ཏའོ་ཅན་ཁི་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་ཆེད་དོན་འབྲེལ་གཏུག་ཐབས་ལམ་ལ་བརྟེན་ནས་ཨུ་རུ་སིའི་མཚོ་དམག་གི་སྤྱི་ཁྱབ་དམག་སྤྱི་ཆི་ཨར་ཁི་ཧྥུའུ་ལ་དམག་དོན་སྦྱོང་བརྡར་གྱི་གྲུབ་འབྲས་སྙན་ཞུ་བྱས། ཁོས་བཤད་རྒྱུར། ཟླ་འདིའི་ཚེས་དྲུག་ཉིན་དམག་དོན་སྦྱོང་བརྡར་མགོ་བརྩམས་རྗེས། རྒྱལ་ཁབ་གཉིས་ཀྱི་སྦྱོང་བརྡར་ལ་ཞུགས་པའི་གྲུ་གཟིངས་ཀྱིས་སྦྱོང་བརྡར་གྱི་འཆར་གཞི་ལྟར་དུ་སྤུས་ཚད་ལྡན་པའི་སྒོ་ནས་སྔོན་གྱི་ལས་འགན་ཡོངས་འགྲུབ་བྱས་པ་དང་། དེའི་ནང་ཉིན་དཀར་དང་མཚན་མོའི་མཉམ་འབྲེལ་འགུལ་སྐྱོད་དང་། གྲུ་གཟིངས་ལམ་དུ་བགྲོད་སྐབས་ཀྱི་དངོས་རྫས་མཁོ་འདོན། གྱེན་འཕུར་གནམ་གྲུར་བརྟེན་ནས་གྲུ་གཟིངས་སྟེང་དངོས་རྫས་སྐྱེལ་འདྲེན་བྱེད་པ། མཚོ་ཐོག་གི་མཁའ་སྲུང་། དོགས་ཡོད་གྲུ་གཟིངས་ལ་ཞིབ་བཤེར་དང་མཚོ་ཐོག་གི་དམིགས་འབེན་ལ་ཆམ་ཕབ་གཏོང་བ་སོགས་འདུས།<