དབྱི་ལིང་དང་ཨུ་རུ་སིས་དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

དབྱི་ལིང་མཚོ་དམག་གི་དམག་དཔོན་པུས་ཁཱ་མུའུ་ཡིས་ཉེ་སྔོན་བཤད་རྒྱུར། དབྱི་ལིང་ཕྱོགས་ཀྱིས་ཨུ་རུ་སི་ནས་མཚོ་དམག་སྒྲིག་ཆས་ཉོ་བསྡུ་བྱེད་འདོད་ཡོད་ཅིང་། ཨུ་རུ་སིའི་ཕྱོགས་དང་མཉམ་དུ་གྲོས་གཞི་དེར་གྲོས་མོལ་བྱེད་བཞིན་ཡོད་ཟེར། ཁོས་དབྱི་ལིང་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་ལིང་གིས་ཨུ་རུ་སི་ནས་ཉོ་བསྡུ་བྱེད་པའི་མཚོ་དམག་གི་སྒྲིག་ཆས་དེ་མཚོ་ཐོག་རྒུད་སྐྱོབ་ཐད་བཀོལ་བའི་སྤྲོ་བ་ཡོད་པ་དང་། འབྲེལ་ཡོད་གྲོས་མོལ་དེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་པུའུ་ཡི་བརྗེ་རེས་སྒྲོམ་གཞིའི་འོག་སྤེལ་བཞིན་ཡོད་ཟེར། ཨུ་རུ་སིའི་འཁོར་སྐར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དམག་དཔོན་དེས་ད་རུང་བཤད་རྒྱུར། དབྱི་ལིང་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བའི་གྲོས་གཞིའི་ཐད་ནས་ཉེ་འཁོར་གྱི་རྒྱལ་ཁབ་གཞན་པར་འབྲེལ་འདྲིས་བྱེད་བཞིན་ཡོད་ཟེར།

ན་ནིང་ཟླ་དང་པོར། དབྱི་ལིང་དང་ཨུ་རུ་སིས་གྲོས་མཐུན་ཞིག་བཀོད་དེ་དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱས། དབྱི་ལིང་ཕྱོགས་ཀྱིས་སྐབས་ཐོག་དེར་བསྟན་དོན། གྲོས་མཐུན་དེ་ནི་དབྱི་ལིང་དང་ཨུ་རུ་སིས་ཨ་མེ་རི་ཁའི་ཐེ་གཏོགས་ལ་དམིགས་པའི་མཉམ་འབྲེལ་གྱི་བྱ་སྤྱོད་ཅིག་རེད། དབྱི་ལིང་གིས་ཟླ་སྔོན་མར་ཁྱབ་སྒྲོག་བྱས་དོན། ཨུ་རུ་སི་ནས་ཉོ་བསྡུ་བྱས་པའིS-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་སྐོར་དང་པོ་དེ་དབྱི་ལིང་དུ་འབྱོར་ཡོད་ཟེར། S-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ནི་མིག་སྔར་འཛམ་གླིང་སྟེང་ཆེས་སྔོན་ཐོན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཅིག་ཡིན་པ་དང་། དུས་མཉམ་དུ་དམིགས་འབེན་དྲུག་ལ་ཆམ་ཕབ་གཏོང་ཐུབ་པ་རེད། དབྱི་ལིང་གི་རྒྱལ་སྲུང་བློན་ཆེན་ཏཱ་ཧི་ཀན་གྱིས་ཟླ་འདིའི་ཚེས་བཅུའི་ཉིན་བཤད་རྒྱུར། མཁའ་སྲུང་འཕུར་མདའི་མ་ལག་དེ་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་ཀྱི་མཁའ་སྲུང་ལས་འགན་ལག་བསྟར་བྱེད་པའི་ཐད་བཀོལ་ཆོག་ཟེར།