ཀྲུང་གོའི་བཟོ་སྐྲུན་གྱི་གོམས་སྟབས་མུ་མཐུད་དུ་སྤུས་ཀ་བཟང་པོའི་ཕྱོགས་སུ་སྙེག
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“བཟོ་སྐྲུན་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་གཞི་རྟེན་གལ་ཆེན་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་སྲུང་འཛིན་བྱེད་དགོས། དེང་རབས་བཟོ་སྐྲུན་ལས་རིགས་དེ་ཚན་རྩལ་གྱི་ནུས་པ་དང་ཁ་འབྲལ་ཐབས་མེད་པས། ལག་རྩལ་གྱི་འགག་གནད་སྒྲོལ་བར་ཤུགས་བསྣན་ནས་རང་བརྟེན་གསར་གཏོད་ཀྱི་འཕེལ་རྒྱས་ལམ་དུ་བསྐྱོད་དགོས། ”ཞེས་བསྟན་ཡོད།  ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་ལག་རྩལ་བསྟུད་མར་འགག་སྒྲོལ་བྱུང་བ་དང་། སྲོལ་རྒྱུན་གྱི་ཐོན་ལས་རྣམ་པ་གསར་པ་ཇེ་མགྱོགས་སུ་ཕྱིན་པ་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་ཏེ་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ནུས་སྔར་བས་ཆེ་རུ་ཕྱིན་ཡོད།

ཉེ་སྔོན། ཧྲན་ཞི་ཐའེ་ཀང་དུ་འཛམ་གླིང་ཐོག་ཆེས་སྲབ་པའི“ངར་ལྕགས”ལ་སླར་ཡང་ཐོད་བརྒལ་གསར་པ་བྱུང་།

ཀྲུང་གོ་པའོ་ཝུའུ་ཐའེ་ཀང་སྡེ་ཚོགས་བཙའ་མི་རྒྱག་པའི་ཞིབ་ཚགས་ངར་ལྕགས་ཚད་ཡོད་ཀུང་སིའི་བཟོ་སྐྲུན་པ། ལེའོ་ཤིས་ཀྱིས་བཤད་རྒྱུར།  རང་རྒྱལ་གྱི་གེགས་མེད་གློག་འདྲེན་རྒྱུ་ཆ་དང་མངོན་ཤེལ་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གེགས་རྒྱ་གཏོར། ཉེ་བའི་ལོ་ཤས་རིང་། ང་ཚོས་རྒྱུན་ཆད་མེད་པར་འགྲན་སློང་རྒྱུ་ཆ་གསར་གཏོད་བྱས་ནས་འཛམ་གླིང་གི་ཟིན་ཐོ་གསར་བ་ལྔ་བཀོད།

ད་ལོའི་ཚུན་ལ།  རང་རྒྱལ་གྱིས་རྒྱུན་ཆད་མེད་པར་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་གྲུབ་འབྲས་བླངས་ཏེ། མི་སྡོད་གྲུ་གཟིངས་འཕུར་གྲུས་འབྲེལ་ཡོད་ཚོད་ལྟ་ལེགས་འགྲུབ་བྱུང་བ་དང་། སྔོན་ཐོན་ཨ་སྐར་སྐུལ་འོད་སྒྲིག་བཀོད་སྐྲུན་འགོ་ཚུགས་ཤིང་། AES100མཁའ་སྐྱོད་སྒུལ་བྱེད་འཕྲུལ་འཁོར་ལ་ཐོན་སྐྱེད་ཆོག་འཐུས་ཐོབ་སྟེ། ལྟེ་བའི་ལག་རྩལ་ལ་བསྟུད་མར་ཐོད་བརྒལ་བྱུང་། གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ལོ་སྟོད་དུ། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང9.5%འཕར་བ་དང་། ཞིབ་འཇུག་གསར་སྤེལ་འགྲོ་གྲོན་གྱིས་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་བསྡུར་ཚད་ཀྱི2.7%ལ་ཉེ་བ་ཟིན་ཡོད།

 བཟོ་སྐྲུན་ལས་རིགས་ནི་རྒྱལ་ཁབ་འཛུགས་པའི་རྩ་བ་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་རྨང་གཞི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་སྐྲུན་ལས་རིགས་གོང་དུ་སྤེལ་བར་ཚད་མཐོའི་མཐོང་ཆེན་གནང་ཞིང་། ད་ལོའི་ལོ་སྟོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཐོན་སྐྱེད་དང་ཞིབ་འཇུག་གསར་སྤེལ་གྱི་ལས་ཡུལ་དང་པོར་ཕེབས་ཏེ་ལག་རྩལ་དང་གསར་གཏོད་ཐད་ལ་གཟིགས་ཞིབ་གནང་།  ལེའོ་ཉིང་པིན་ཀང་དུ། ཁོང་གིས་གྲང་བཟོའི་ལས་རིམ་དང་ལག་རྩལ་གསར་གཏོད་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། བཟོ་སྐྲུན་ལས་རིགས་ཀྱིས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས། ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་དང་ཟུར་སྣོན་རིན་ཐང་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་བསྟན།  ཧི་ནན་ལའོ་དབྱང་གི་རིག་ནུས་བཟོ་གྲྭར། ཁོང་གིས་བཟོ་སྐྲུན་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་གཞི་རྟེན་གལ་ཆེན་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་སྲུང་འཛིན་བྱེད་དགོས། དེང་རབས་བཟོ་སྐྲུན་ལས་རིགས་དེ་ཚན་རྩལ་གྱི་ནུས་པ་དང་ཁ་འབྲལ་ཐབས་མེད་པས། ལག་རྩལ་གྱི་འགག་གནད་སྒྲོལ་བར་ཤུགས་བསྣན་ནས་རང་བརྟེན་གསར་གཏོད་ཀྱི་འཕེལ་རྒྱས་ལམ་དུ་བསྐྱོད་དགོས་ཞེས་ནན་གྱིས་བསྟན། ཉེ་སྔོན། སྤྱི་ཁྱབ་ཧྲུའུ་ཅི་ཧྲན་ཞི་དབྱང་ཆོན་གྱི་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྟོག་ཞིབ་གནང་སྐབས། རང་རྒྱལ་གྱི་བཟོ་ལས་གོང་དུ་འཕེལ་བར། སྔོན་ཆད་གོམ་པ་གཅིག་རེ་གཅིག་རེ་སྤོས་ནས་སོང་བ་ཡིན་མོད། ད་ལྟ་སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་ལ་བརྟེན་ནས་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་སླར་ཡང་ནན་གྱིས་བསྟན།

ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཧྲེང་ཁྲའོ་ཞིན་གྱིས་བཤད་རྒྱུར། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་ལུགས་མཐུན་རྒྱུན་འཁྱོངས་བྱེད་པར་མ་དངུལ་འཇོག་པའི་ལམ་སྲོལ་འཛུགས་དགོས་ཞེས་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་ལུགས་མཐུན་རྒྱུན་འཁྱོངས་བྱ་དགོས་ཚུལ་དང་། དུས་མཚུངས་སུ་ཚན་རྩལ་ལ་བརྟེན་ནས་དེང་རབས་ཀྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བར་ནུས་པ་བཏོན་ཏེ། བཟོ་སྐྲུན་ལས་རིགས་ཚུར་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་འགྲན་རྩོད་ནུས་པ་དང་། གསར་གཏོད་བྱེད་ཤུགས། རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ནུས་པ་བཅས་མཐོར་འདེགས་གཏོང་བར་ཕན་ཞིང་། ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་པར་ཕན་ཐོགས་ཐུབ་པ་ཡང་བསྐྱར་ནན་གྱིས་བསྟན་ཟེར།

ད་ལོའི་ཚུན་ལ། རྒྱལ་ཁབ་ཀྱི“གསར་པ་གཉིས”ཀྱི་སྲིད་ཇུས་རྒྱུན་མཐུད་ངང་རྒྱ་ཆེར་བཏང་སྟེ། གཙོ་གནད་ཁྱབ་ཁོངས་ནས་བཟོ་སྐྲུན་ལས་རིགས་སྔར་བས་མང་བོར་སྐུལ་འདེད་གཏིང་ཟབ་བཏང་ཡོད། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་དམིགས་ནས། གསར་དར་ཐོན་ལས་གསོ་སྐྱོང་དང་སྒུལ་ནུས་གསར་པ་བསྐྲུན་པའི་བྱ་སྤྱོད་སྤེལ་འགོ་ཚུགས་ཤིང་། མ་འོངས་པའི་ཐོན་ལས་གསར་གཏོད་ཀྱི་ལས་འགན་མིང་ཐོབ་གཙོར་བཟུང་སོགས་སྤེལ་བ་དང་། སྲིད་ཇུས་ཀྱི་སྡེབ་སྒྲིག་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་བཟོ་སྐྲུན་ལས་རིགས་ཚུར་སྒྱུར་རིམ་སྤར་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་།  སི་ཁྲོན་དབྱི་པིན་དུ། ཚོད་ལྟ་ཁང་འཛུགས་སྐྲུན་དང་གསར་གཏོད་བྱེད་པར་བརྟེན་ནས་ཐོན་ལས་གསར་པ་བཀོད་སྒྲིག་དང་། སྔོན་ཐོན་སྒྲིག་ཆས་གསར་སྒྱུར་བྱས་ཏེ་སྲོལ་རྒྱུན་ཐོན་ལས་རིམ་སྤོར་བྱས་པས། ད་ལོའི་ལོ་སྟོད་དུ་བཟོ་སྐྲུན་ལས་རིགས་ཀྱིས་དཔལ་འབྱོར་འཕར་སྣོན་ཐད50%ལས་བརྒལ་བའི་སྟོབས་ནུས་སྦྱིན་ཡོད། ཉིན་འདི་འགའི་རིང་། འཛུགས་སྐྲུན་བྱེད་བཞིན་པའི་རིག་ནུས་བཟོ་སྐྲུན་ལྟེ་གནས་འདིས་རྒྱལ་ཡོངས་སུ་རིག་ནུས་དང་འཕྲུལ་མིའི་ཁྱབ་ཁོངས་ཀྱི་ཁེ་ལས་གཙོ་བོ་བརྒྱ་ལྷག་རྟོག་ཞིབ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད།

སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུའུ་ཡི་ཅུའུ་ཀྲང་དབྱང་ཅུང་གིས་བཤད་རྒྱུར། ང་ཚོའི་ཐོན་ལས་གསར་པས་སྣེ་ཁྲིད་དེ་ཐོན་ལས་ཚོགས་པར་སྐུལ་ཁྲིད་བྱས། ཐོན་ལས་རྙིང་པ་གསར་གཏོད་རིམ་སྤོར་བྱས་པ་བརྒྱུད་དེ། ཐོན་ལས་གསར་རྙིང་གཉིས་ཀ་མཉམ་དུ་འཕེལ་རྒྱས་སུ་བཏང་བ་དང་། ལོ་སྟོད་ལ་བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད38%དུ་མཐོ་རུ་ཕྱིན་ཡོད་ཟེར།

གནས་རྐྱང་འགག་སྒྲོལ་ནས་སྡེ་ཚོགས་འཕེལ་རྒྱས་བར། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ལ་མཉེན་གཤིས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་མངོན་ཡོད། ཧུའུ་ནན་ཀྲུའུ་ཀྲོའུ་རུ།   སྐར་མ་བཅོ་ལྔ་ཙམ་གྱིས་གློག་ཤུགས་འཕྲུལ་འཁོར་ཞིག་ལ་མཁོ་བའི་ལྷུ་ལག་ཆུང་གྲས་ཆིག་ཁྲི་ལྷག་གཅིག་གྱུར་གྱིས་ཐོན་སྐྱེད་བྱེད་ཐུབ།  འབྲི་ཆུའི་ཟུར་གསུམ་གླིང་དུ།  དུས་ཚོད་བཞིའི་ནང་ནུས་ཁུངས་གསར་པའི་རླངས་འཁོར་ཞིག་ཇུས་འགོད་ནས་ཐོན་སྐྱེད་བར་གྱི་བརྒྱུད་རིམ་ཧྲིལ་པོ་ལེགས་འགྲུབ་བྱེད་ཐུབ། མིག་སྔའི་བར། རང་རྒྱལ་གྱིས་འདི་ལྟ་བུའི་རྒྱལ་ཁབ་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་སྡེ་ཚོགས80བསྐྲུན་ནས། གཙོ་གནད་ཐོན་ལས་སྦྲེལ་ཐག་ཕྱོགས་ཡོངས་ལ་ཁེབས་པར་བྱས་ཡོད།

ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱིས་དཔལ་འབྱོར་ལ་སྣེ་ཁྲིད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅུ་དང་གྲངས་ཆུང་གཉིས་འཕར་བ་དང་། འཕར་ཚད་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ལས་བརྒྱ་ཆའི་གྲངས་གནས་གསུམ་དང་གྲངས་ཆུང་བརྒྱད་ཀྱིས་མགྱོགས། གཞི་གྲངས་ཅན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། ཟླ5པའི་ཟླ་མཇུག་བར། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་བསྡོམས་འབོར་ས་ཡ་གཉིས་དང་འབུམ་བཞི་ཁྲི་དྲུག་ལ་སླེབས་པ་དང་།  ད་ལོའི་ཚུན་ལ་གསར་དུ་བཙུགས་པའི་ཁེ་ལས་ཁྲོད་སྒྲིག་ཆས་བཟོ་སྐྲུན་རྩེ་གྲས་ཟིན་པའི་བསྡུར་ཚད་བརྒྱ་ཆའི་དྲུག་ཅུ་ལས་བརྒལ་ནས། རྩེ་གྲ་ཅན་གྱི་རིམ་སྤོར་སྟོབས་ཤུགས་ཇེ་དྲག་ཏུ་སོང་།

ཀྲུང་གོ་གློག་རྡུལ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་ལིའུ་ཝུན་ཆང་གིས་བཤད་རྒྱུར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་བསྟུད་མར་ལོ་བཅོ་ལྔའི་རིང་འཛམ་གླིང་གི་ཨང་དང་པོ་ཡིན་ལ། དཔལ་འབྱོར་གྱི་མཉེན་ཆ་དང་ཉེན་ཁ་འགོག་ནུས་ཇེ་དྲག་ཏུ་བཏང་ནས། དཔལ་འབྱོར་གྱི་བརྟན་བརླིང་འཁོར་སྐྱོད་ལ་འགན་ལེན་བྱས། དེ་དང་མཉམ་དུ་སྟོབས་ལྡན་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞིས་རང་རྒྱལ་འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་ནང་ཞུགས་པ་དང་རྒྱལ་སྤྱིའི་ཐོན་ལས་ཀྱི་ཚད་གཞི་གཏན་ཁེལ་བྱེད་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་ཟེར།

 གོ་རིམ་རྗེས་མར། རྒྱལ་ཁབ་ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་སྦྲེལ་ཐག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགུལ་སྐྱོད་མགྱོགས་མྱུར་ངང་ལག་བསྟར་བྱས་ནས། ཁེ་ལས་ཀྱིས་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་ལེགས་བཅོས་ལ་ཤུགས་སྣོན་པ། མིས་བཟོས་རིག་ནུས་དང་ནུས་ཁུངས་གསར་པ། སྐྱེ་དངོས་སྨན་རྫས་སོགས་མདུན་གྲལ་ཁྱབ་ཁོངས་ཀྱི་རྣམ་པ་མགྱོགས་མྱུར་ངང་བཀོད་སྒྲིག་བྱེད་ཅིང་།  སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་།  སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ།  དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།