
ཟླ7པའི་ཚེས24ཉིན། 2025ལོའི་རྒྱལ་ཡོངས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་མཚོ་སྔོན་ཞིང་ཆེན་གྱི་གཅིག་བསྡུས་དཔེ་སྟོན་བྱ་འགུལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་སྤེལ་འགོ་བརྩམས།
བྱ་འགུལ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བ་དང་མགྱོགས་མྱུར་སྒོས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་སེམས་ནུས་གཅིག་ཏུ་སྒྲིལ་རྒྱུར་དམ་པོར་དམིགས་པ། རོང་འབྲོག་ཁུལ་གྱི་གཞི་རིམ་གྱི་དངོས་ཡོད་དགོས་མཁོ་དང་རོང་འབྲོག་མང་ཚོགས་ཀྱི་བསམ་པ་དང་རེ་སྒུག་ལ་དམིགས་ཏེ་ནུས་ཤུགས་བཏོན་ནས། གཞི་རིམ་ལ་དངོས་གནས་ཕན་པ་ཐོབ་ཏུ་འཇུག་དགོས།
བྱ་འགུལ་གྱི་ཡུལ་དངོས་སུ། “གྲོང་གསེབ་ཏུ་ཚན་རྩལ་ནུས་སྐྱེད་བྱས་ཏེ། གསར་གཏོད་དར་སྤེལ་སྣེ་ཁྲིད་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་དྲིལ་བསྒྲགས་དང་རིག་གནས། ཚན་རྩལ། འཕྲོད་བསྟེན། སློབ་གསོ་སོགས་སྡེ་ཁག་བཅུ་ཕྲག་ཁ་ཤས་ནས་ཡོང་བའི་ཆེད་མཁས་པ་དང་དང་བླངས་པས་རང་ས་གནས་ཀྱི་རོང་འབྲོག་མང་ཚོགས་ལ་སྲིད་ཇུས་སྒྲོག་འགྲེལ་དང་། ཚན་རིག་ཁྱབ་གདལ་དུ་གཏོང་བ། འོས་འགན་སྨན་བཅོས་བྱེད་པ། ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཚན་རྩལ་ཐིན་སོགས་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས14ཡིས་གུང་ཧོ་རྫོང་ལ་དངོས་རྫས་བྱིན་པ་དང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་དང་མཚོ་སྔོན་པར་སྐྲུན་སྨྱན་བྱད་སྡེ་ཚོགས། ཟི་ལིང་སྒྱུ་རྩལ་ཟློས་གར་གླིང་། མཚོ་ལྷོ་ཁུལ་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་ཟི་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་གུང་ཧོ་རྫོང་ལ་ཚན་རྩལ་ཞབས་ཞུ་དང་བརྗོད་དོན་གཙོ་བོའི་དཔེ་དེབ། རིག་རྩལ་འཁྲབ་སྟོན། ཞིང་ཕྱུགས་ཐོན་རྫས་སོགས་དྲོད་འཁོལ་ཞབས་ཞུའི་ལེགས་སྐྱེས་ཆེན་པོ་བྱིན། རིག་གནས་དང་ཚན་རྩལ། འཕྲོད་བསྟེན་ཞབས་ཞུའི་རུ་ཁག་ཆུང་བ་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པ་དང་། ཡུལ་སྲོལ་རིག་གནས་ཀྱི་འཇོན་མི་དང་ཚན་རིག་ལག་རྩལ་བཀོལ་སྤྱོད། སྔོན་ཐོན་གྱི་སྨན་བཅོས་ཞབས་ཞུ་སོགས་རོང་འབྲོག་པའི་ཁྱིམ་གྱི་སྒོ་ཁར་བསྐྱལ།
རང་ཞིང་གིས“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་གཅིག་བསྡུས་དཔེ་སྟོན་བྱ་འགུལ་དེ་འགོ་རྩོམ་ས་གསར་པར་བརྩིས་ནས། རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་རྒྱུན་དུ་གཞི་རིམ་དུ་བསྐྱོད་པ་དང་གཞི་རིམ་དུ་སྡོད་པ། གཞི་རིམ་ལ་ཕན་ཁེ་བསྐྲུན་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཏང་གི་གསུང་སྐད་མཐོ་སྒང་གི་ཁྱིམ་ཚང་རེ་རེར་སྒྲོག་པ་དང་། ཚན་རྩལ་གྱི་འོད་སྣང་ཡངས་པའི་ས་གཞིར་ཁྱབ་པར་བྱས་ཏེ། བདེ་ཐང་དང་བདེ་སྐྱིད་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱལ་དགོས།
ཤ་བོ་རིན་མཚོས་བསྒྱུར།