
ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ཡིག་ཚགས་ཅུའུ་དང་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་བྱིས་པའི་ཕན་བདེ་ལས་སྒོའི་ཡིག་ཚགས་དོ་དམ་ལག་བསྟར་ཞིབ་སྲོལ་འགྲེམ་སྤེལ་བྱས་ཏེ། དཀའ་ཁག་ཡོད་པའི་བྱིས་པའི་ལས་སྒོའི་རྒྱུ་ཆ་ཡིག་ཚགས་ཀྱི་ཁོངས་སུ་འཇུག་པ་དང་དོ་དམ་བྱེད་པ་སོགས་ལ་མ་ལག་ལྡན་པའི་གཏན་འབེབས་བྱས།
རྒྱུས་ལོན་པ་ལྟར་ན། ལག་བསྟར་ཞིབ་སྲོལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཚགས་བཅའ་ཁྲིམས་དང་བྱིས་པའི་ཕན་བདེ་ལས་ཁུངས་ཀྱི་ལས་སྒོའི་ཡིག་ཚགས་དོ་དམ་བྱེད་ཐབས་སོགས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་བརྩི་སྲུང་ནན་མོ་བྱས་ནས། བསྡོམས་པས་ལེའུ་བརྒྱད་དང་དོན་ཚན་ཞེ་གཉིས་བཀོད་སྒྲིག་བྱས་ཡོད་དེ། སྤྱིའི་རྩ་དོན་དང་ཡིག་ཚགས་རྒྱུ་ཆ་འཚོལ་སྡུད། ཡིག་ཚགས་རྒྱུ་ཆ་ལེགས་སྒྲིག ཡིག་ཚགས་བེད་སྤྱོད། དོ་དམ་དང་བརྒྱུད་སྤྲོད། ཆ་འཕྲིན་ཅན་འཛུགས་སྐྲུན། འགན་སྲུང་དང་བྱ་དགའ། ཞར་བྱུང་དོན་ཚན་བཅས་འདུས་ཡོད། རྒྱུ་ཆ་འཚོལ་སྡུད་ཀྱི་ཐད་ནས། བྱིས་པའི་ཕན་བདེའི་ལས་ཁུངས་ཀྱིས་བྱིས་པ་ལས་ཁུངས་སུ་ཡོང་བ་དང་། ལས་ཁུངས་སུ་འཚོ་བ་རོལ་སྐབས། ལས་ཁུངས་དང་ཁ་བྲལ་རྗེས་བཅས་དུས་རིམ་གསུམ་ལ་དམིགས་ནས། ཡིག་ཚགས་ཀྱི་ཁོངས་སུ་འཇུག་པའི་ཡིག་ཆ་དང་རྒྱུ་ཆ་རིགས་དབྱེ་འཚོལ་སྡུད་བྱེད་དགོས་པ་གཏན་འབེབས་བྱས། དོ་དམ་དང་བརྒྱུད་སྤྲོད་ཀྱི་ཕྱོགས་ནས། རྫོང་རིམ་པའི་དམངས་སྲིད་སྡེ་ཁག་དང་བྱིས་པའི་ཕན་བདེའི་ལས་ཁུངས་ཀྱིས་བྱིས་པ་ལས་ཁུངས་དང་ཁ་བྲལ་རྗེས་ཀྱི་ཕྱི་ལོར་ལེགས་སྒྲིག་བྱས་པའི་ལས་སྒོའི་ཡིག་ཚགས་དེ་རིམ་པ་འདྲ་བའི་རྒྱལ་ཁབ་ཕྱོགས་བསྡུས་ཡིག་ཚགས་ཁང་དུ་བརྒྱུད་སྤྲོད་བྱེད་དགོས་པ་གཏན་འབེབས་བྱས། ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ཕྱོགས་ནས། རྫོང་རིམ་པའི་དམངས་སྲིད་སྡེ་ཁག་དང་བྱིས་པའི་ཕན་བདེའི་ལས་ཁུངས་ཀྱིས་གཞི་གྲངས་ཡིག་ཚགས་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ལས་སྒོའི་ཡིག་ཚགས་ཀྱི་གློག་རྡུལ་གཞི་གྲངས་གྲ་སྒྲིག་ལ་ཤུགས་བསྣན་ནས། ཡིག་ཚགས་ཆ་འཕྲིན་གྱི་བདེ་འཇགས་དང་སྟབས་བདེའི་བེད་སྤྱོད་ལ་ཁག་ཐེག་བྱེད་དགོས་པ་གཏན་འབེབས་བྱས།
གོ་རིམ་རྗེས་མར། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་དང་བྱིས་པའི་ཕན་བདེའི་ལས་ཁུངས་ཀྱིས་ལག་བསྟར་ཞིབ་སྲོལ་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་བྱེད་པར་མཛུབ་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་བྱིས་པའི་ལས་སྒོའི་ཡིག་ཚགས་བྱ་བའི་སྤུས་ཚད་ཇེ་ལེགས་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། དཀའ་ཁག་སྣ་ཚོགས་ཡོད་པའི་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྔར་ལས་སྲུང་སྐྱོབ་གང་ལེགས་བྱེད་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།