
ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། མཚོ་སྔོན་ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ་སོགས་སྡེ་ཁག་ལྔ་ཡིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་བའི་ངལ་རྩོལ་ཁེ་དབང་སྲུང་བའི་ཆུ་ཚད་ཇེ་མཐོར་གཏོང་བའི་ཆེད་དོན་འགུལ་སྐྱོད་སྤེལ་བའི་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། མྱུར་སྐྱེལ་བའི་ཚོགས་པའི་ཁེ་དབང་སྲུང་བའི་བྱེད་ཐབས་སྣ་མང་གཏན་འཁེལ་གསལ་བོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་མྱུར་སྐྱེལ་བའི་ཚོགས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། འགན་སྲུང་ཞབས་ཞུའི་ཕན་ནུས་སྔར་ལས་ཇེ་མཐོར་བཏང་ཞིང་། འགན་སྲུང་ནུས་པ་སྔར་ལས་ཇེ་ཆེར་བཏང་།
ཇུས་གཞི་ལས། བྱ་བའི་རྩིས་ཐོ་བཟོས་ནས། ལས་ཞུགས་མི་གྲངས་སོགས་གཞི་རྩའི་ཆ་འཕྲིན་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཁྲིམས་སྲོལ་སྲིད་ཇུས་གསོ་སྦྱོང་སྤེལ་ཏེ། ཚད་ལྡན་ངང་ལས་མི་བཀོལ་བར་ཁྲིད་སྟོན་བྱེད་པ། མྱུར་སྐྱེལ་ཁེ་ལས་ཀྱིས་ཁྲིམས་ལྟར་མྱུར་སྐྱེལ་བ་དང་ངལ་རྩོལ་གན་རྒྱ་འཇོག་པར་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་འགན་བཅོལ་ནང་ཞུགས་པའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། གཞི་རིམ་མྱུར་སྐྱེལ་དྲ་ཚིགས་སྔོན་ལ་ལས་རྨས་འགན་བཅོལ་ནང་ཞུགས་པར་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་དང་། མི་གྲངས་ཁ་སྣོན་བྱས་པ་དང་བསྟུན་ནས་ཚང་མ་འགན་བཅོལ་ནང་ཞུགས་ཏེ་དུས་ལྟར་འགན་བཅོལ་དངུལ་སྤྲོད་པ་མངོན་འགྱུར་བྱེད་པ། གྲོས་མོལ་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བསམ་འཆར་འདོན་པའི་བགྲོད་ལམ་གེགས་མེད་ཡོང་བར་བྱེད་པ། འཆམ་མཐུན་ཁེ་ལས་ཀྱི་རིག་གནས་སྐྱེད་སྲིང་བྱེད་པ། སྲིད་ཇུས་ཀྱི་དྲིལ་སྒྲོག་འགྲེལ་བཤད་ལ་ཤུགས་སྣོན་པ་དང་། ལས་རིགས་ཀྱི་ངོས་འཛིན་ཇེ་དྲག་ཏུ་བཏང་སྟེ། ཁོར་ཡུག་ལེགས་པོ་བསྐྲུན་པ་སོགས་བཏོན།
ཇུས་གཞི་ལས། ཆེད་དོན་འགུལ་སྐྱོད་སྤེལ་བའི་དོན་སྙིང་གལ་ཆེན་གསལ་བོར་རྟོགས་པར་བྱེད་པ་དང་། བྱ་བའི་འཆར་འགོད་འཐུས་ཚང་དུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ལ་དམ་ཟབ་དུ་གཏོང་བ་དང་། སྡེ་ཁག་གི་མཐུན་སྦྱོར་བཅོས་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ས་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལས་འགན་དངོས་འབེབས་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཆེད་དོན་འགུལ་སྐྱོད་ཀྱི་ལས་འགན་སྣ་ཚོགས་ཡོངས་སུ་འགྲུབ་པར་ཁག་ཐེག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།
ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ་ཡིས་ཐེངས་འདིའི་ཆེད་དོན་འགུལ་སྐྱོད་གོ་སྐབས་སུ་བརྩིས་ནས། རང་འགུལ་སྒོས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། འགན་འཁྲི་ཕྲག་ཏུ་ལེན་པ་དང་བྱེད་ཐབས་ཞིབ་ཕྲར་བཟོ་བ། ལས་འགན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་མྱུར་སྐྱེལ་བའི་ཚོགས་པའི་ཁྲིམས་མཐུན་ཁེ་དབང་སྲུང་བའི་བྱ་བའི་ཐད་གོམ་སྟབས་གསར་བ་སྤོ་བ་དང་ཕན་འབྲས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་བ་དང་། མྱུར་སྐྱེལ་བའི་ཚོགས་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཆེ་རུ་གཏོང་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།