རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་རྒྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 18

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྒྲིག་འཛུགས་བྱེད་པར་ཕན་མཐོ་ཚད་ལྡན་དང་། འགྲན་རྩོད་དྲང་གཞག སྒོ་འབྱེད་ལེགས་པོ་བཅས་ཀྱི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་རའི་ལམ་ལུགས་དང་སྒྲིག་སྲོལ་བཙུགས་ནས། ཚོང་ཟོག་གི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་དེ་ཁྱབ་ཁོངས་སྔར་ལས་ཆེ་བའི་ནང་འཁོར་རྒྱུག་གེགས་མེད་ཡོང་བར་སྐུལ་འདེད་གཏོང་དགོས་པ་བསྟན། མིག་སྔར། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་གཏིང་ཟབ་བྱས་ནས།  དཔལ་འབྱོར་འཁོར་རྒྱུག་ལ་ཚོད་འཛིན་ཐེབས་པའི་འགག་གནད་དང་དཀའ་གནད་གང་མགྱོགས་སྒོས་ཐག་གཅོད་བྱེད་པ་དང་། ཁྲོམ་རའི་མ་ལག་གི་རྨང་གཞིའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྣན་ཡོད།

བཀག་རྒྱ་སེལ་བ་དང་འགག་གནད་ཐག་གཅོད་བྱས། ད་ལོའི་ཚུན་ལ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་ཕྱིན། གློག་ཤུགས་ཁྲོམ་ར་ཁག་བགོས་བྱེད་ཚད་ཇེ་མགྱོགས་སུ་ཕྱིན་པ་དང་།  ཆ་སྙོམས་ཀྱིས་ཉིན་རེར་ཏུའུ་བྱེ་བ་གཉིས་ས་ཡ་དྲུག་ཙམ་གློག་དྲ་ལས་གཉེར་ཁུལ་བརྒལ་བའི་གློག་ཤུགས་ཉོ་ཚོང་རྒྱུན་རྣམ་དུ་གྱུར། གཞི་གཅིག་ཅན་གྱི་གཞི་གྲངས་ཁྲོམ་ར་མགྱོགས་མྱུར་ངང་སྐྱེད་སྲིང་བྱས་ཏེ།   རྒྱལ་ཡོངས་ཀྱི་གཞི་གྲངས་ཉོ་ཚོང་ལས་ཁུངས་ཕྱེད་ཀ་ལས་བརྒལ་བའི་ཚད་གཞི་གཅིག་གྱུར་བྱས་ཤིང་།  གཞི་གྲངས་ཐོན་རྫས་ས་ཁུལ་གཅིག་གིས་དྲ་ཐོག་ཏུ་བཞག་པ་དང་། ས་ཆ་མང་པོས་ཕན་ཚུན་ཁས་ལེན་བྱེད་པར་བརྟེན་ནས། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་སྔར་ལས་གེགས་མེད་ཡོང་བར་བྱས།

ད་ལྟའི་ཀྲུང་གོར་དཔལ་འབྱོར་བསྡོམས་འབོར་མ་དངུལ་སྒོར་ཁྲག་ཆེན་གཅིག་རབ་བཀྲམ་ཆེན་མོ་བཞི་ལ་ཉེ་བ་ཡོད་པ་དང་། ཚོང་གཉེར་གཙོ་གཞི་ཁྱིམ་ཚང་དུང་ཕྱུར་གཅིག་བྱེ་བ་དགུ་ལ་ཉེ་བ་ཡོད།  རང་རྒྱལ་གྱི་ཁྲོམ་ར་དེ་ཆེན་པོ་ནས་སྟོབས་ལྡན་དུ་འགྱུར་བར་ཇི་ལྟར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་སམ། འདིའི་ཐད་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། ས་གནས་ཁག་ཏུ་རྟོག་ཞིབ་མཛད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ནང་ཧུར་ཐག་གིས་ཟབ་ཞུགས་བྱེད་དགོས་པ་དང་། སྔར་ལས་དྲང་མཉམ་དང་སྔར་ལས་གསོན་ཤུགས་ལྡན་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་དགོས་པ་ནན་གྱིས་བསྟན་ཡོད། ཉེ་སྔོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་བསྡུས་པའི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་གཞི་རྩའི་བླང་བྱ་ནི“གཅིག་གྱུར་ལྔ་དང་སྒོ་འབྱེད་གཅིག”ཡིན་ལ།  དེ་ཁྲོམ་རའི་རྨང་གཞིའི་ལམ་ལུགས་གཅིག་གྱུར་དང་།  ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར། སྲིད་གཞུང་གི་བྱ་སྤྱོད་ཚད་གཞི་གཅིག་གྱུར། ཚོང་རའི་ལྟ་སྐུལ་དོ་དམ་ཁྲིམས་བསྟར་གཅིག་གྱུར།  རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཁྲོམ་ར་གཅིག་གྱུར་བཅས་བྱས་ཏེ།  ཕྱི་ནང་གཉིས་ཀའི་ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་དུ་རྒྱ་བསྐྱེད་དགོས་པ་བསྟན།

ཀྲུང་གོ་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ལིའུ་ཀྲི་ཁྲིན་གྱིས་བཤད་རྒྱུར། “གཅིག་གྱུར་ལྔ་དང་སྒོ་འབྱེད་གཅིག”གིས་གཅིག་གྱུར་ཁྲོམ་ར་ཆེན་མོའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གཞི་སྒྲོམ་དང་གཞི་རྩའི་བླང་བྱ་གཏན་འཁེལ་གསལ་བོ་བྱས་ཤིང་།  ས་གནས་སྲུང་སྐྱོབ་མེད་པར་བཟོ་བ་དང་ཁྲོམ་ར་བགོ་བཤའ་བྱེད་པ། རིམ་མེད་འགྲན་རྩོད་སོགས་གཙོ་གནད་དང་དཀའ་གནད་སེལ་བའི་གནད་དོན་ལ་གཞིགས་ནས་བསྟུད་མར་འགག་སྒྲོལ་བྱེད་པ་དང་།  གཅིག་གྱུར་ཁྲོམ་ར་ཆེན་མོའི་ནུས་མཐོའི་ཐོན་ཁུངས་བཀོད་སྒྲིག་བྱེད་པར་ཚོད་འཛིན་ཐེབས་པའི་འགག་གནད་སེལ་དགོས་པར་མ་ཟད། རིམ་པ་ཟབ་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་བཀག་རྒྱ་སེལ་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ལག་ལེན་གྱི་ཐབས་ལམ་གསལ་སྟོན་བྱས་ཡོད་ཟེར།

ད་ལོར། 《རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱེད་པའི་བྱེད་ཕྱོགས)》ཡོངས་བསྒྲགས་བྱས་ཏེ། ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་ཆེད་དོན་འགུལ་སྐྱོད་ཚད་ལྡན་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ཡང་བསྐྱར་ཇེ་ཉུང་དུ་བཏང་། འཛུགས་པ་དང་གཏོར་བའི་བརྒྱུད་རིམ་ཁྲོད།  སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཁྲོམ་རའི་བར་སྟོང་ཞིག་འབྱེད་བཞིན་ཡོད།

ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་ཀྱི་སྲ་གཤིས་སྦྲེལ་མཐུད་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་། ཉིང་པོ་ཀྲོའུ་ཧྲན་གྲུ་ཁར། ལྕགས་ལམ་ས་ཚིགས་དང་གྲུ་ཁའི་སྤུངས་གནས་སོ་སོའི་ཚོང་གཉེར་གྱི་དབྱེ་མཚམས་མེད་པར་བཟོས་པ་དང་།  གཞི་གཅིག་ཅན་གྱི་ཚོང་གཉེར་གྱིས་ལྕགས་ལམ་དང་གྲུ་ཁའི་བར་གྱི་འབྲེལ་མཐུད་མེད་པར་བཟོས་ཏེ། དོས་སྒམ་བརྒྱུད་འདྲེན་བརྗེ་མི་དགོས་པར་བྱས།   མིག་སྔར།  རྒྱལ་ཡོངས་ཀྱི་མཚོ་བརྒྱུད་གྲུ་ཁ་དང་འབྲི་ཆུའི་ཆུ་ལག་གི་གྲུ་ཁ་གཙོ་བོའི་ལྕགས་ལམ་གྲུ་ཁའི་་ཞུགས་ཚད90%ལས་བརྒལ་ཡོད།

ཧྲང་ཧེ་ལྕགས་ལམ་སྡེ་ཚོགས་ཧང་ཀྲོའུ་དངོས་རྒྱུག་ལྟེ་གནས་ཉིང་པོ་ཚོང་གཉེར་པུའུ་ཡི་ཀྲུའུ་རིན་གཞོན་པ་ཧུའུ་ཧྭ་པིན་གྱིས་བཤད་རྒྱུར། ས་ཚིགས་མཉམ་སྤྱོད་དང་ལས་གཉེར་གཅིག་གྱུར་བྱས་རྗེས། རི་བརྒྱུད་ལྕགས་ལམ་འབབ་ཚུགས་ཀྱིས་ཉིན་རེའི་འདོན་འཇུག་བྱེད་ཚད་ཚད་གཞི་སྒམ3200ཟིན་ཏེ། ལས་སྒྲུབ་ནུས་པ100%ཡན་ཇེ་མཐོར་ཕྱིན་ཡོད་ཟེར།

ས་ཁོངས་ཀྱི་ཁྲོམ་ར་གཞི་གཅིག་ཅན་དུ་འགྱུར་བར་སྔོན་ལ་སྐུལ་འདེད་བཏང་སྟེ།  ཁྲོམ་རའི་ལམ་ལུགས་དང་སྒྲིག་སྲོལ་གྱི་མཉེན་གཤིས་སྦྲེལ་མཐུད་སྔར་ལས་གེགས་མེད་ཡོང་བར་སྐུལ་ཁྲིད་བྱས། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་མོའི་ས་ཁུལ་དུ། ས་ཁུལ་གསུམ་དུ་ཤར་གཏོང་བྱས་པའི་མཚོ་ཁུག་ཁུལ་གྱི་དཔང་ཡིག་ངོས་འཛིན་དེ་བཟོ་ལས་འཛད་སྤྱོད་དངོས་རྫས་སོགས་ཁྱབ་ཁོངས་སུ་ལག་ཁྱེར་འཛིན་ཡིག153སྤྲད།  འབྲི་ཆུའི་ཟུར་གསུམ་ཁུལ་དུ། ཡུལ་གཞན་གྱི་ཚོང་ཁང་གཞན་དུ་རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག་པ་དང་བརྗེ་པའི་ཁས་ལེན་ལས་ཁུངས1700ལས་བརྒལ་ཡོད།  པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ས་ཆར་ཁེ་ལས3000ཙམ་གཅིག་གྱུར་གྱིས་གནས་སྤོ་བ་མངོན་འགྱུར་བྱུང་སྟེ། ཁེ་ལས་གནས་སྤོ་ཐོ་འགོད་ཀྱི་དཀའ་གནད་མང་པོ་སེལ་ཡོད།  འགྱུར་ལྡོག་གསར་པ་རེ་རེ་ལས་སྲིད་འཛིན་ས་ཁུལ་གྱི་བཀག་རྒྱ་གཏོར་ནས།  ཐོན་ཁུངས་བཀོད་སྒྲིག་སྔར་ལས་ཕན་ནུས་ཆེ་བར་བྱས།

ད་ལོའི་ཚུན་ལ།   ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁྲོམ་རའི་ཚུལ་མིན་འགྲན་རྩོད་དང་ཁྲོམ་རའི་ཐེ་གཏོགས་ཀྱི་བྱ་སྤྱོད་ཡོ་བསྲང་བྱེད་པར་ཤུགས་བསྣན།  ཧྲང་ཧའེ་དང་ཧི་ནན་སོགས་ས་གནས་ཀྱིས་ཚོང་འགུག་སྲིད་ཇུས་ཀྱི་བྱེད་ཕྱོགས་བཏོན་པ་དང་།  ཁྲལ་བསྡུའི་གཟིགས་སྐྱོང་ལ་བརྟེན་ནས་ཚོང་འགུག་བྱེད་པ་གཏན་འགོག་བྱས། ཅང་སུའུ་ཡིས་ཁེ་བེད་བདག་ཐོབ་ཁྲུན་གཅོད་ལ་ཤུགས་སྣོན་དང་། འོད་བརྟེན་དང་ནུས་ཁུངས་གསར་བའི་རླངས་འཁོར་སོགས་ལས་རིགས་ཀྱི་ནུས་མེད་འགྲན་རྩོད་ལ་བཅོས་སྒྲིག་བྱས། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་སྲིད་གཞུང་གིས་སྲིད་ཇུས་དང་བྱེད་ཐབས་ཉིས་ཁྲི་བདུན་སྟོང་ལྷག་བཏོན་པར་ཞིབ་བཤེར་བྱས་ཏེ། ཁྲོམ་རའི་འགྲན་རྩོད་ལ་ཚུལ་མིན་ཐེ་གཏོགས་བྱེད་པའི་རིགས་འབྱུང་རྩ་ནས་སྔོན་འགོག་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་བཏོན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་པུའུ་ཨུ་མང་པོས་གཙོ་གནད་གནས་ཚུལ15ལ་དམིགས་ནས་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གཙང་བཤེར་དང་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་སྤེལ།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སྒྲིག་སྲོལ་བཅོས་སྒྱུར་ཕྱོགས་བསྡུས་སི་ཡི་སི་ཀྲང་ཝང་རིན་ཧྥེ་ཡིས་བཤད་རྒྱུར། གོ་རིམ་རྗེས་མར། ང་ཚོས་འབྲེལ་ཡོད་ཕྱོགས་དང་མཉམ་དུ། གཙོ་གནད་དང་དཀའ་གནད་ཀྱི་གཅིག་སྡུད་འགག་སྒྲོལ་ལ་དམིགས་ཏེ། ཁྲིམས་སྲོལ་དང་སྒྲིག་སྲོལ་ལྟར་ཁེ་ལས་ཀྱི་རིན་གོང་དམའ་ཞིང་གོ་རིམ་མེད་པའི་འགྲན་རྩོད་བཅོས་སྐྱོང་བྱེད་པ་དང་། ཁེ་ལས་ཀྱིས་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བར་ཁྲིད་སྟོན། སྲིད་གཞུང་གི་ཉོ་སྒྲུབ་དང་འོས་བསྡུ་འོས་འཕེན་ཚད་ལྡན་དུ་གཏོང་བ། འོས་ཐོབ་མཇུག་འབྲས་ཀྱི་དྲང་གཞག་རང་བཞིན་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་འགུག་དངུལ་འདྲེན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཚོང་འགུག་དངུལ་འདྲེན་གྱི་ཆ་འཕྲིན་ཁྱབ་བསྒྲགས་ལ་ཤུགས་སྣོན་བཅས་བྱས་ནས། ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཀོད་སྒྲིག་ཁག་དོན་འཁྱོལ་གང་ལེགས་བྱ་རྒྱུ་ཡིན་ཟེར།

འཁོར་རྒྱུག་ཆུང་བ་འགག་སྒྲོལ་དང་འཁོར་སྐྱོད་ཆེན་པོ་གེགས་མེད་ཡོང་བར་བྱས། ཕན་མཐོ་ཚད་ལྡན་དང་། འདྲ་མཉམ་འགྲན་རྩོད། སྒོ་འབྱེད་ལེགས་པོ་བཅས་ཀྱི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་ཞིག་གིས་གཞི་ཁྱོན་ཆེ་བའི་ཁྲོམ་རའི་ལེགས་ཆ་རྒྱུན་ཆད་མེད་པར་སྲ་བརྟན་དང་ཆེ་རུ་བཏང་ནས། དཔལ་འབྱོར་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།