
ཟླ7པའི་ཚེས24ཉིན། གསར་འགོད་པས་ཞིང་ལས་ཞིང་སྡེ་ཐིན་གྱི་ཆེས་གསར་པའི་བསྡོམས་རྩིས་གཞི་གྲངས་ལས་རྒྱུས་ལོན་པ་ལྟར་ན། 2025ལོའི་ཟླ་དང་པོ་ནས་དྲུག་པའི་བར། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་གློག་རྡུལ་ཚོང་ལས་ཀྱི་སིལ་ཚོང་གྲངས་ཀ་ལོ་ཕྱེད་ནང་སྒོར་དུང་ཕྱུར་བདུན་དང་ས་ཡ་བརྒྱད་ལ་སླེབས་ཡོད་པ་དང་། དེའི་ཁྲོད་འཕང་འབྲས་དང་དབྱར་རྩྭ་དགུན་འབུ་སོགས་ཁམས་གསོའི་ཟས་རིགས་དང་། སྤུས་ལེགས་འོ་བཟོས་ཐོན་རྫས། རང་བྱུང་བྲོ་རྫས་བཅས་ཁྱད་སྟོབས་ལྡན་པའི་རིགས་ཁག་ཆེན་པོ་གསུམ་འབུར་དུ་ཐོན་ཡོད། དྲ་རྒྱའི་སིལ་ཚོང་གྲངས་ཀ་སོ་སོ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་བརྒྱད་དང་། སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་དགུ། སྒོར་བྱེ་བ་དགུ་དང་ས་ཡ་ལྔ་བཅས་མངོན་འགྱུར་བྱུང་བ་དང་། བསྡོམས་པའི་ཞིང་ཆེན་ཡོངས་ཀྱི་བསྡོམས་འབོར་ཀྱི72.3%ཟིན་ཡོད། “དག་གཙང་གི་མཚོ་སྔོན། མཐོ་སྒང་གི་སྤུས་ལེགས་ཐོན་རྫས”ཀྱི་ཟོང་རྟགས་རིན་ཐང་དེ་སྤྲིན་རྩིས་སུ་མུ་མཐུད་དུ་ཕྱིར་གཏོང་བྱེད་བཞིན་ཡོད།
ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་ཀྱི་ཁྲོམ་རའི་འཁོར་རྒྱུག་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་པ་དང་། ཞིང་ལས་ཐོན་རྫས་དྲ་ཐོག་ཚོང་ཟོག་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད། མིག་སྔར། རྫོང41ཏུ་རྫོང་རིམ་པའི་ཟོག་འགྲེམས་མཛོད་ཉར་ཁག་བགོས་སྡེབ་སྐྱེལ་ལྟེ་གནས་ཡོངས་སུ་ཁྱབ་ཡོད་པ་དང་། ཡུལ་ཚོ་དང་གྲོང་རྡལ་དུ་བར་བརྒྱུད་ས་ཚིགས360དང་སྡེ་བ་རིམ་པའི་ཞབས་ཞུའི་ས་ཚིགས2348གཅིག་བསྡུས་སྒོས་བསྐྲུན་ཡོད། རྫོང་ཁོངས་མྱུར་སྐྱེལ་མཇུག་སྣེའི་ཐོན་ཁུངས་གཅིག་བསྡུས་ཚད68%ཟིན་ཡོད། འཁྱག་འབྲེལ་ཟོག་འགྲེམས་འཛུགས་སྐྲུན་གྱི་སྐུལ་འདེད་ཇེ་མགྱོགས་སུ་བཏང་བ་དང་། ཟི་ལིང་གི་ཞིང་ཆེན་རིམ་པའི་འཁྱག་འབྲེལ་དངོས་ཟོག་འཁོར་རྒྱུག་གླིང་ཁུལ་དང་པོ་དེ་མ་དངུལ་བཏང་ནས་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། ཧྲུན་ཧྥིན་དང་སྦྲགས་སྲིད་དེ་ཤར་རྒྱུད་ས་ཁུལ་དུ་ཚོད་ལྟའི་སྤོ་སྒུལ་རྣམ་པའི་གྲང་མཛོད་དུ་ཉར་ཚགས་བྱས་པས། ནོར་ཤ་དང་ལུག་ཤ་ཟད་གྲོན་བྱེད་ཚད30%ནས15%བར་མར་ཆག གུང་ཧོ་རྫོང་གི་ཚོད་ལྟའི་གནས་སུ་མི་མེད་གནམ་གྲུས་འབྲོག་ཁུལ་དུ་དངོས་པོ་བསྐྱལ་བས། ཕན་འབྲས50% མཐོར་འདེགས་བྱུང་ཡོད་པ་དང་། ཞིང་སྡེའི་གློག་རྡུལ་ཚོང་དོན་གྱི་སྐྱེ་ཁམས་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་གཏོང་བཞིན་ཡོད།
ཕྱོགས་གཞན་ཞིག་ནས། རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་སུ་ཁྱབ་པའི་གཞི་གྲངས་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་དང་པོ་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། དྲ་ཐོག་གི་ཕྱིར་འཚོང་གཞི་གྲངས་གནད་འཁེལ་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱུང་། རྒྱལ་ཁབ་རིམ་པའི་གློག་རྡུལ་ཚོང་དོན25ཞིང་སྡེ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དེ་ཞིང་ཆེན་ཡོངས་ཀྱི60%རྫོང་ཁོངས་སུ་ཁྱབ་ཡོད། “ཅིན་ཏུང་ཀྲུང་གོའི་ཁྱད་ཐོན་དངོས་རྫས་མཚོ་སྔོན་འགྲེམ་ཁང”དངོས་སུ་འཁོར་སྐྱོད་བྱེད་འགོ་བརྩམས། ཏུའུ་ལན་རྫོང་རྒྱལ་ཡོངས་ཀྱི་ཞིང་སྡེའི་གློག་རྡུལ་ཚོང་ལས་ཀྱི“སྣེ་ཁྲིད་རྫོང” གི་དཔེ་སྟོན་དང་པོའི་ནང་བདམས་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་དང་གུང་ཧོ་རྫོང་གི་སྙན་སྒྲོན་པ་གསུམ་རྒྱལ་ཡོངས་ཀྱི་ཐད་གཏོང་གློག་རྡུལ་ཚོང་ལས་ཀྱི་ཕུལ་བྱུང་དཔེ་མཚོན་དུ་བདམས། ཏ་ཐུང་རྫོང་གི“དྲ་རྒྱའི་ཐད་གཏོང་རྟེན་གཞི་དང་མཁོ་སྤྲོད་ཕྲེང་འབྲེལ། འཚོང་ལམ”བཅས་དང་། གུང་ཧོ་རྫོང་གི“ཞིང་ལས་མཉམ་ལས་ཁང་དང་གློག་རྡུལ་ཚོང་དོན”སོགས་གསར་གཏོད་ཀྱི་རྣམ་པ་རྒྱ་ཁྱབ་ངང་རྒྱ་ཆེར་སྤེལ་ཡོད། གཞི་གྲངས་ཚན་རྩལ་གྱིས་ཐོན་སྐྱེད་དང་ཕྱིར་ཚོང་གི་ཕྲེང་འབྲེལ་ཡོངས་ལ་ནུས་པ་འདོན་སྤྲོད་བྱེད་ཀྱིན་ཡོད།
དེ་དང་ཆབས་ཅིག སྐབས་གཉིས་པའི“རབ་མཛེས་མཚོ་སྔོན། མཐོ་སྒང་གི་རྐང་གྲུག”རིམ་འདས་མཉམ་འགྲན་གྱི་ཚ་ཚད་དང་། “ཟོང་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་། ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་འགྲེམ་སྟོན། རིག་རྩལ་འཁྲབ་སྟོན། དྲ་ཐོག་དང་ཡུལ་དངོས་ཀྱི་ཁྱབ་གདལ”བཅས་མཉམ་འདྲེས་བྱེད་སྟངས་ལ་བརྟེན་ནས། “ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས”བཅས་ལས་རིགས་ལྔའི་མཉམ་འགུལ་གཏིང་ཟབ་ཏུ་གཏོང་དགོས། མིག་སྔར། མཉམ་འབྲེལ་འགྲན་བསྡུར་གྱི་སྐབས་སུ་ཞིང་ཕྱུགས་ཐོན་རྫས་དྲ་ཐོག་དྲིལ་བསྒྲགས་ངོ་སྤྲོད་དང་དེ་མིན་འགྲེམ་ཚོང་བྱེད་སྒོ་ཐེངས25སྤེལ་ནས། དྲ་རྒྱའི་བཙོང་འབོར་སྒོར་བྱེ་བ་གཅིག་དང་འབུམ་གཅིག་ཁྲི་གཉིས་ལ་ཐད་ཀར་སྐུལ་ཁྲིད་བྱས།
ཤ་བོ་རིན་མཚོས་བསྒྱུར།