མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཞོད་འགོག་བདེ་འཇགས་དྲ་རྒྱ་དམ་ཚགས་ལྡན་པར་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གནམ་གཤིས་ཁང་གིས་བསྒྲགས་པའི་ཟླ7པའི་ཚེས23ཉིན་ནས་ཚེས24ཉིན་བར་གྱི་དྲག་ཆར་ཆེན་པོ་འབབ་པའི་གནམ་གཤིས་སྔོན་བརྡར་གཞིགས་ནས། མཚོ་ནུབ་ཁུལ་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་སྔོན་ལ་བཀོད་སྒྲིག་དང་མྱུར་དུ་དང་ལེན་བྱས་ཏེ། ཟླ7པའི་ཚེས22ཉིན་ཁུལ་རིམ་པའི་ཞོད་འགོག་རིམ་པ་བཞི་པའི་འཕྲལ་བསྟུན་དང་ལེན་གྱི་འགོ་བརྩམས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྔོན་ལ་བཀོད་འདོམས་བྱས་ཤིང་། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་མཉམ་འགུལ་སྒོས་ནུས་ཤུགས་བཏོན་ནས། ནུས་པ་ཡོད་རྒུས་མི་དམངས་མང་ཚོསག་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས།

ཟླ7པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་ནུབ་ཁུལ་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་གཞུང་སྒྲུབ་ཁང་གིས་ཁུལ་གྱི་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་ལས་ཁུངས་གཙོ་བོ་བཅུ་བཞི་རྩ་འཛུགས་བྱས་ནས་མིག་སྔའི་དུས་རིམ་གྱི་དྲག་ཆར་དང་ཞོད་འགོག་གྲོས་མོལ་ཞིབ་གཅོད་ཚོགས་འདུ་བསྡུས་ཏེ། མིག་སྔའི་དྲག་ཆར་འབབ་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པར་མ་ཟད། དེར་མཐུད་ནས་ཁུལ་ཡོངས་ཀྱི་ཞོད་འགོག་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས་པ་དང་། ལས་རིགས་སོ་སོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཞོད་འགོག་གནོད་སེལ་བྱེད་ཐབས་ཞིབ་ཏུ་བཀོད་སྒྲིག་བྱས་པ་དང་། འགན་འཁྲི་ཇེ་ཞིབ་ཏུ་བཏང་ནས་ལས་གནས་སོ་སོ་དང་མི་རེ་རེའི་སྟེང་ལ་དངོས་འབེབས་བྱས།

ཞོད་འགོག་གནོད་སེལ་བྱ་བ་འགོ་བརྩམས་རྗེས། ཁོངས་གཏོགས་ལས་ཁུངས་བཅུ་བཞིའི་ཚན་ཁག་རིམ་པའི་འགོ་ཁྲིད་ལས་བྱེད་རྣམས་དུས་ཐོག་ཏུ་ཁུལ་གྱི་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་བཅའ་སྡོད་བྱས་ཏེ། ཆུ་ཚོད་ཉེར་བཞིའི་རིང་གི་མཉམ་འབྲེལ་ལས་སྲུང་དང་བཀོད་གཏོང་བྱ་བ་སྤེལ་ཞིང་། བརྙན་རིས་ལམ་ནས་ས་ཁུལ་བདུན་གྱི་ཆར་འབབ་པའི་གནས་ཚུལ་དང་ཆུའི་གནས་ཚུལ། ཞོད་སྐྱོན་གནས་ཚུལ། ཉེན་ཁའི་གནས་ཚུལ། གནོད་སྐྱོན་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་པ་དང་། ཉེན་ཁ་ཞིབ་གཅོད་དང་གྲོས་མོལ་དབྱེ་ཞིབ། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་བྱ་བ་མྱུར་དུ་སྤེལ་བར་ཁག་ཐེག་བྱས། དེ་དང་མཉམ་དུ། ཁུལ་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་གཞུང་སྒྲུབ་ཁང་གིས་ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་བདེ་འཇགས་གསལ་འདེབས་ཀྱི་འཕྲིན་ཡིག་ཅིག་བསྐུར་བ་དང་། འགྲིམ་འགྲུལ་ཕྱིར་སྐྱོད་དང་ལྗོངས་ཁུལ་བདེ་འཇགས། ཨར་ལས་ཡུལ་དངོས་ཀྱི་འགན་སྲུང་། སྔོན་བརྡ་བརྒྱུད་སྤྲོད། རང་སྐྱོབ་དང་གཞན་སྐྱོབ་སོགས་ཕྱོགས་ཡོངས་ནས་གསལ་འདེབས་བྱས་པར་མ་ཟད། ས་ཁུལ་བདུན་གྱི་ཕྱི་རོལ་བཟོ་སྐྲུན་དང་ཚོང་གཉེར་གྱི་ཆ་འཕྲིན་སྡོམ་རྩིས་ཡོངས་འགྲུབ་བྱས་ཏེ། ཞོད་འགོག་གསལ་འདེབས་བྱ་བར་གཞི་གྲངས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

འཕྲལ་བསྟུན་འགན་སྲུང་གི་ཕྱོགས་ནས། མཚོ་ནུབ་ཁུལ་འཕྲལ་བསྟུན་དོ་དམ་ཅུའུ་ཡིས་ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་སོགས་ཡུལ་ཚོ་དང་གྲོང་རྡལ་གཙོ་བོར་གནོད་སྐྱོབ་དངོས་རྫས་བཀོད་སྒྲིག་བྱས་པ་དང་། ཡུལ་ཚོ་དང་གྲོང་རྡལ་དང་སྡེ་བ་གཙོ་བོར་འཁོར་སྐར་ཁ་པར175འོས་སྦྱོར་བྱས་ཤིང་། སྲིད་འཛིན་སྡེ་བར་རྔ་དང་ཉེན་བརྡའི་ཡོ་བྱད་སོགས་སྔོན་བརྡའི་སྒྲིག་ཆས་སྒྲིག་སྦྱོར་བྱས་པར་མ་ཟད། འཕྲལ་བསྟུན་བརྙན་རིས་གྲོས་ཚོགས་ཀྱི་མ་ལག་དེ་ཡུལ་ཚོ་དང་གྲོང་རྡལ35ལ་ཁེབས་པར་བྱས་ཏེ། གཞི་རིམ་གྱི་འཕྲལ་བསྟུན་དང་ལེན་ནུས་པ་མཐོར་འདེགས་བཏང་། དེ་ལས་གཞན། ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་ཐིན་དང་མཐུན་སྦྱོར་བྱས་ནས། ཁུལ་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་མ་ལག་གི་ཞོད་འགོག་ལས་བྱེད་མི་སྣ28དེ་མཚོ་སྔོན་གྱི་རིག་ནུས་གནམ་གཤིས་ཀྱི་སྐད་འཕྲིན་སྤྱི་སྟེགས་སུ་འཇོག་པ་དང་། གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་གསར་བར་དུས་ཐོག་ཏུ་རྒྱུས་ལོན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཞོད་འགོག་བདེ་འཇགས་འགོག་ར་བརྟན་པོ་བསྐྲུན་པར་བཀོད་སྒྲིག་བྱ་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།