བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་བདེ་སྡོད་ཀྱི་མཐོ་སྒང་མཁར་གྲོང་གསར་པ་བསྐྲུན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་ལོ་ཡིན། མཚར་སྡུག་གི་ལོ་ངོ་དྲུག་ཅུར་གངས་ལྗོངས་མཐོ་སྒང་དུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ལོ་ངོ་སྟོང་གི་གནའ་གྲོང་ལྷ་ས་ཡིས“ཆུ་དང་སྔོ་ལྗང་གིས་བསྐྲུན་པའི་གྲོང་ཁྱེར”དུ་རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་རྒྱས་སུ་བཅུག 

དབྱར་ཁའི་དུས་སུ། ལྷ་སའི་སྐྱིད་ཆུ་གཡུ་འབྲུག་ལྟར་འཁྱུག་པས་ཁ་བཏགས་ཤིག་དང་འདྲ་བར་མཐོ་སྒང་གི་གནའ་གྲོང་དེ་སྐོར་བ་དང་། རྒྱང་རིང་གི་ལྷོ་བྱང་རི་བོར་སྔོ་ལྗང་གིས་ཁེབས་ཡོད། བྱ་རིགས་དག་མཁའ་དབྱིངས་སུ་རྒྱུ་ལ། སྤྱི་གླིང་དུ་ཡོད་པའི་མི་རྣམས་སྐོར་བྲོ་འཁྲབ་ནས་མཛེས་སྡུག་གི་འཚོ་བ་ལོངས་སུ་སྤྱོད་ཀྱིན་ཡོད།

ད་ལྟ་ལྷ་སར་སོང་བ་ན། དྭངས་གཙང་གི་ཆུ་བོ་དང་གཡའ་དག་པའི་ནམ་མཁའ། སྔོ་ལྗང་གི་རི་ཀླུང་སོགས་ཀྱི་མཛེས་པ་ཀུན་གྱི་མིག་ལམ་དུ་འཆར་ཡོང་། ང་ཚོས་བཅར་འདྲི་བྱེད་པའི་སྐབས་སུ། ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་གྱི་ལྗང་མདོག་གི་སྐྱེ་ཁམས་བར་ཁྱམས་ཤིག་གི་རིམ་སྤོར་རྣམ་གྲངས་མཇུག་སྒྲིལ་ལ་ཉེ།

 ལྷ་ས་གྲོང་ཁྱེར་ཆུ་བེད་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲང་ཀྲིན་ཕིན་གྱིས་བཤད་རྒྱུར། ང་ཚོས་ལྷ་སའི་སྐྱིད་ཆུ་ནས་ཆུ་འདྲེན་གྱིན་ཡོད་པ་དང་། ཡང་ཅིག་བཤད་ན་གྲོང་ཁྱེར་དུ་འདྲེན་པ་ཡིན། ང་ཚོས་ཆུ་རྒྱུད་ཧྲིལ་བོ་སྦྲེལ་རྗེས་དེ་ནི་ཕོ་བྲང་པོ་ཏ་ལའི་ནུབ་ཕྱོགས་བརྒྱུད་ནས། གྲོང་ཁྱེར་དུ་སྐོར་བ་ཞིག་བརྒྱབ་རྗེས་སླར་ཡང་ལྷ་སའི་སྐྱིད་ཆུར་བཞུར་གྱིན་ཡོད། ལྷ་སའི་སྐྱིད་ཆུ་ནི་ཡར་ཀླུང་གཙང་པོའི་ཡན་ལག་ལྔའི་གྲས་ཤིག་ཡིན། དེ་བརྒྱུད་པའི་གནའ་གྲོང་ལྷ་སར་ལོ་རྒྱུས་སྟེང་གི་ཆུ་རྒྱུད་འཕྲེད་གཞུང་མང་པོ་ཡོད། འོན་ཀྱང་གྲོང་ཁྱེར་འཕེལ་རྒྱས་ཕྱིན་པ་དང་བསྟུན། གྲོང་ཁྱེར་ནང་ཁུལ་གྱི་ཆུ་ལག་རྒྱུན་དུ་འགག་གྱིན་ཡོད་ཅིང་། ཆུ་ལམ་ནང་ཆགས་པའི་རྡོ་ཟེགས་སྣ་ཚོགས་བྱེ་རླུང་གི་འབྱུང་གཞིར་གྱུར་ཡོད། 2019ལོར། ལྷ་ས་གྲོང་ཁྱེར་གྱིས“ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་སླར་གསོ་དང་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན”དངོས་སུ་ལག་བསྟར་བྱེད་འགོ་བརྩམས་ཤིང་། རགས་བརྒྱབ་ནས་ཆུ་གསོག་པ་དང་བྱེ་ཐང་ལ་བརླན་གཤེར་བཟོ་བ། ཆུ་ལམ་བཏོད་པ་བཅས་ཀྱི་བྱ་བ་བསྒྲུབས། ད་ལྟ། བྱེ་རྡོའི་ཐང་རྒོད་དེ་གྲོང་ཁྱེར་གྱི“སྔོ་ལྗང”དུ་བསྒྱུར་ཞིང་ཐང་རྒོད་ཀྱི་སྐྱེ་ཁམས་བར་ཁྱམས་སུ་གྱུར་ཡོད། འདབ་ཆགས་འཚོ་སྡོད་དང་ཉ་རིགས་བག་གཡེང་གིས་རྒྱུ་བས།ལྷ་སའི་གྲོང་མིས་སྔར་ལས་ལྷག་པའི་ཆུའི་བར་སྟོང་ལོངས་སུ་སྤྱོད་ཀྱིན་ཡོད་ཟེར།

ལྷ་སའི་གྲོང་མི་རྡོ་རྗེ་ཐོགས་མེད་ཀྱིས་བཤད་རྒྱུར། འདི་རུ་སྡོང་བོའང་མང་པོ་བཙུགས་ཡོད་པས་ཧ་ཅང་བསིལ་མོ་ཡིན། འདི་རུ་ད་དུང་ཆུ་ཡོད་པས་ཁོར་ཡུག་བཟང་ཞིང་ལམ་ཡང་ཧ་ཅང་བདེ་ཟེར།

ཉེ་བའི་ལོ་ཤས་རིང་། བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག ལྷ་སར་གསར་སྣོན་བྱས་པའི་གྲོང་ཁྱེར་གྱི་ཆུ་ཁོངས་རྒྱ་ཁྱོན་སྤྱི་ཆིང300ལྷག་ལ་སླེབས་པ་དང་། ཚང་མས་དངོས་སུ་མཐོང་ཐུབ་པའི་མྱུར་ཚད་ལ་བརྟེན་ནས“མཐོ་སྒང་གི་གྲོང་ཁྱེར”ཞིག་གི་འཕེལ་རྒྱས་མཐོང་ལ། སྔོ་ལྗང་གི་མཛེས་པ་ཞིག་ཀྱང་གནས་འདི་རུ་གང་སར་མཆེད་བཞིན་ཡོད། 2021ལོར། བོད་ལྗོངས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་རི་བོའི་ལྗང་བསྒྱུར་བཟོ་སྐྲུན་སྤེལ་འགོ་ཚུགས་ཤིང་། འདི་ནི་བོད་ལྗོངས་སུ་གཞི་ཁྱོན་ཆེས་ཆེ་བའི་ནགས་ཚལ་འཛུགས་སྐྲུན་བཟོ་སྐྲུན་ཞིག་རེད། ལྷ་སའི་སྐྱིད་ཆུ་གཙོར་བྱས་ནས་བཟོ་སྐྲུན་ཤར་ནུབ་དུ་སྤྱི་ལེ་200ཡས་མས་ཤིག་ཡོད་པ་དང་། ད་ལྟ་ནགས་བཟོ་མུའུ་ས་ཡ་གཅིག་དང་ཁྲི་བདུན་སྟོང་དགུ་སུམ་བརྒྱ་ལེགས་འགྲུབ་བྱས་པ་དང་། སྡོང་ཕྲུག་རྐང་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ལྷག་བཙུགས་ཤིང་། སྤྱིའི་སྐྱེས་ཚད་བརྒྱ་ཆའི་གྱ་ལྔའི་ཡན་དུ་སླེབས་ནས། རི་རྒོད་དེ“དབྱང་རླུང་ལྡན་པའི”ལྗང་མདོག་གི་ངོ་མཚར་བསྐྲུན།

 ལྷ་སའི་གྲོང་མི་ཟླ་བ་གཡང་སྒྲོན་གྱིས་བཤད་རྒྱུར། རི་བོའི་ལྷོ་བྱང་དུ་སྡོང་བོ་བཙུགས་རྗེས། བརླན་གཤེར་ཇེ་ཆེར་སོང་ཞིང་དབྱང་རླུང་འདུས་ཚད་ཀྱང་དེ་དང་བསྟུན་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། མིའི་བདེ་ཐང་གི་ཚད་ཀྱང་གཏན་ནས་མི་འདྲ་བ་རེད་ཟེར།

སྔོ་ལྗང་གི་རི་ཀླུང་དང་དྭངས་གཙང་གི་ཆུ་བོས་གནའ་གྲོང་བསྐོར་ཡོད་ཅིང་། གཞི་གྲངས་རེ་རེ་ཡིས“མཐོ་སྒང་གི་གནའ་གྲོང”གིས་སྐྱེ་ཁམས་ལ་འཚམ་པའི་གྲོང་ཁྱེར་བསྐྲུན་པའི་གོམ་སྟབས་དེ་བདེན་དཔང་བྱས་ཡོད། མིག་སྔར། ལྷ་ས་གྲོང་ཁྱེར་དུ་རང་བྱུང་སྲུང་སྐྱོབ་ས་ཁུལ13བཙུགས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་འབུམ་བརྒྱད་དང་ཁྲི་གཅིག་སྟོང་བརྒྱད་དགུ་བརྒྱ་ཡིན། ད་ལོར། ལྷ་སས་སྐྱེ་ཁམས་བར་ཁྱམས19འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད། མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ་སྐྱེལ་ཡོང་བའི་སྐྱིད་སྣང་ལོངས་སུ་སྤྱོད་བཞིན་ཡོད་ལ། ཁོར་ཡུག་གི་འགྱུར་ལྡོག་ཁྲོད་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་ཐོབ་ཀྱིན་ཡོད།

 ལྷ་ས་གྲོང་ཁྱེར་བཟའ་བཏུང་ཁེ་ལས་ཀྱི་འགན་ཁུར་བ་འཕྲིན་ལས་རྣམ་རྒྱལ་གྱིས་བཤད་རྒྱུར། ང་ཚོ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ལྷ་སའི་སྐྱིད་ཆུ་དང་དེའི་ངོགས་གཉིས་ཀྱི་སྔོ་ལྗང་གི་ལས་གཞི་དེ་བསྐྲུན་རྗེས། ང་ཚོ་རང་ཉིད་ཀྱིས་ཀྱང་བལྟས་པ་ཡིན་ལ། ངོ་མ་རང་ཉིད་ཀྱང་ཡ་མཚན་སྐྱེས་པ་སྟེ། ཅི་འདྲའི་མཛེས་པ་ལ། ང་ཚོའི་ལྷ་སའི་ཡུལ་སྐོར་རིག་གནས་ལ་སྐུལ་འདེད་ཆེན་པོ་བཏང་བ་དང་། ལོ་རེ་ལས་ལོ་རེར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།