
ཟླ7པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱི་ཐོག་མའི་མི་ཉིས་བརྒྱ་དང་ལྔ་བཅུ་ལས་གྲུབ་པའི་ལས་བཟོ་པའི་བུ་ཕྲུག་པེ་ཅིང་དུ་སོང་ནས་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་དབྱར་སྒར་སློབ་ཞིབ་བྱ་འགུལ་ལ་ཞུགས། ཐེངས་འདིའི་བྱ་འགུལ་སྐོར་ཐེངས་གཉིས་སུ་བགོས་ཡོད་པ་དང་། ཁྱོན་བསྡོམས་པས་ལོ་བཅུ་ནས་བཅོ་ལྔའི་བར་གྱི་ལས་བཟོ་པའི་ཚོགས་སྤྱིའི་བུ་ཕྲུག་མི་ལྔ་བརྒྱ་ཞུགས་ཡོད་ལ། སྔོན་གཤེགས་དཔའ་བོའི་བུ་ཕྲུག་དང་། དཀའ་ངལ་ཡོད་པའི་ལས་བཟོ་པའི་བུ་ཕྲུག ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་བུ་ཕྲུག ཞིང་པ་ཞོར་ལས་པའི་བུ་ཕྲུག གྲངས་ཉུང་མི་རིགས་ཀྱི་བུ་ཕྲུག་སོགས་ཡོད། ཐེངས་འདིའི་བྱ་འགུལ་གྱི་སྤེལ་ཡུན་ཉིན་བདུན་ཡིན།
བྱ་འགུལ་ནང་བུ་ཕྲུག་ཚོས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་ཞལ་མཇལ་དང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་ཏེ་གནའ་བོའི་ཕོ་བྲང་དང་ལྕགས་རི་རིང་པོ་སོགས་ཀྲུང་ཧྭའི་རིག་གནས་ཀྱི་གཅེས་ནོར་ཉམས་ལེན་བྱ་རྒྱུ་མ་ཟད། པེ་ཅིང་ཚན་རིག་ལྟེ་གནས་སུ་སོང་སྟེ་དེང་རབས་སྔོན་ཐོན་ཚན་རྩལ་ལ་རྒྱུས་ལོན་བྱེད་པ། ཏང་ལ་དགའ་ཞེན་བྱེད་པའི་རྒྱལ་གཅེས་སློབ་གསོ་དང་། ལོ་རྒྱུས་རིག་གནས་ཀྱི་བག་ཆགས་བཟང་པོ་དང་ཚན་རིག་གི་སྙིང་སྟོབས་སྐྱེད་སྲིང་བྱེད་པར་ནུས་པ་ཆེན་པོ་ཐོན་ཐུབ།
བྱ་འགུལ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱ་ཆེད། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་ནས་བརྒྱུད་རིམ་ཧྲིལ་པོར་བཀག་སྡོམ་དོ་དམ་བྱེད་པ་དང་། རུ་སྣེ་ཁྲིད་མཁན་ལས་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་བདག་སྐྱོང་ནན་པོ་བྱེད་པ། ཁོངས་མི་ཡོངས་ལ་བརྒྱུད་རིམ་ཧྲིལ་པོའི་ཐོལ་བྱུང་དོན་རྐྱེན་གྱི་འགན་བཅོལ་ཉོས་པ་དང་། ཆེད་ལས་སྨན་པ་བྱ་འགུལ་གྱི་གོ་རིམ་ཧྲིལ་བོར་ཞུགས་པ། ལྕགས་ལམ་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་འཚོ་བཅུད་ལྡན་པའི་ཟ་མ་བཀོད་སྒྲིག་བྱེད་པ། ལྕགས་ལམ་སྤྱི་བདེ་དང་མཐུན་སྦྱོར་བྱས་ཏེ་མེ་འཁོར་གྱི་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ“ཁྱིམ་ནས་ཡོང་སྟེ་ཁྱིམ་དུ་ལོག་པར”ཁྱོན་ཡོངས་ནས་བུ་ཕྲུག་ཚོའི་བདེ་འཇགས་ལ་འགན་སྲུང་བྱས་ཡོད།
དེ་ལས་གཞན། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་བཟོ་ཚོགས་ཀྱིས་ཞིང་ཆེན་ནང་ཁུལ་དུ་ལས་བཟོ་བའི་བྱིས་པ་རྩ་འཛུགས་བྱས་ཏེ་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་མང་པོའི་རང་འགུལ་རང་བཞིན་གྱི་དབྱར་སྒར་བྱ་འགུལ་སྤེལ་བ་རེད།
ཚེ་མགོན་རྒྱལ་གྱིས་བསྒྱུར།