མཚོ་སྔོན་རེབ་གོང་གི་རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་ལྔ་པ་འགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

   ཟླ7པའི་ཚེས28ཉིན། 2025ལོའི་མཚོ་སྔོན་རེབ་གོང་གི་རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་ལྔ་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་རེབ་གོང་རིག་གནས་ཐང་ཆེན་ནས་སྤེལ་འགོ་བརྩམས། ཐེངས་འདིའི་བྱེད་སྒོ་ནི་རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་གཙོར་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཀྱིས་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་མངོན་པ་དང་། རིག་གནས་དང་ཡུལ་སྐོར་གྱིས་སྐྱེ་ཁམས་ཀྱི་རིན་ཐང་མངོན་པར་བྱས་ཏེ། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་སྐྱེ་ཁམས་ཀྱི་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་ལྷོ་ཕྱོགས་ས་ཁུལ་གྱི་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་ལ་ཕན་ནུས་ལྡན་པའི་ཚོད་ལྟ་ཐེངས་གཅིག་བྱས་ནས་མཛེས་སྡུག་ཀློང་གི་ནུབ་བརྒྱུད། ངོ་མཚར་ཆེ་བའི་རྨ་ལྷོ་ཡི་རྒྱུན་རིང་བའི་ལོ་རྒྱུས་དང་ངོ་མཚར་ཆེ་བའི་རང་བྱུང་གི་བཀོད་པ། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕྱོགས་ཡོངས་ནས་མཚོན་པར་བྱས།

འགོ་རྩོམ་མཛད་སྒོ་དེ་རི་སྔོ་ཆུ་དྭངས་ཞེས་པའི་ཞབས་བྲོ་ཆེན་མོའི་སྟངས་སྟབས་དང་བསྟུན་ནས་འགོ་བརྩམས་པ་དང་། ཨ་མདོའི་དམངས་གཞས་བདེ་སྐྱིད་ཀྱི་གླུ་གཞས་དང་མཚོ་སྔོན་གྱི་བརྩེ་བ་ཞེས་པའི་གླུ་གཞས། བོད་ཀྱི་ཟློས་གར་ཡིད་འཕྲོག་ལྷ་མོ་སོགས་ལེ་ཚན་བསྟུན་མར་འཁྲབ་སྟོན་བྱས་པ་དང་། ངོ་མཚར་བའི་འཁྲབ་སྟོན་ལ་མི་རིགས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ཉིང་བཅུད་འདུས་ཡོད་ལ། ཡུལ་དངོས་ཀྱི་མང་ཚོགས་རྣམས་ལ་ངོ་མཚར་ཀྱི་ལྟད་མོ་གྱ་ནོམ་པ་ཞིག་བསྩལ་ནས་རྨ་ལྷ་ཁུལ་གྱི་ཐུན་མིན་གྱི་ཁྱད་ཆོས་དང་གསོན་ཤུགས་མངོན་པར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རིག་གནས་དང་ཡུལ་སྐོར་དུས་ཆེན་ནི་རྨ་ལྷོ་ཁུལ་གྱིས་སེམས་ཞིབ་མོས་འཆར་འགོད་བྱས་པའི་དམིགས་བསལ་གྱི་བྱེད་སྒོ་ཞིག་ཡིན་ལ། རིག་གནས་དང་ཡུལ་སྐོར་དུས་ཆེན་ཀྱི་མགོ་རྩོམ་བྱེད་སྒོ་དང་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་འཁྲབ་སྟོན། དམངས་གཞས་སྒྱུ་རྩལ་གྱི་འཁྲབ་སྟོན། ཐང་ག་འབྲི་བཞེངས་ཀྱི་འགྲན་སྡུར་ནས་གཞན་ད་དུང་ཐུན་རིན་གྲོང་ཁྱེར་གྱི་སྡེ་བའི་དགོང་ཚོགས་ཏེ་དབྱར་དུས་ཀྱི་སྤྲོ་ཚོགས་ཆེན་མོ་དང་རེབ་གོང་གི་དྲུག་པའི་ཀླུ་རོལ། ཧུ་ནན་སོག་རིགས་རང་སྐྱོང་རྫོང་གི་ན་ཏམ་སྤྲོ་ཚོགས་སོགས་ཀྱང་འདུས། བྱེད་སྒོ་འདི་དག་གིས་ཕྱོགས་མང་པོ་ནས་རེབ་གོང་གི་རིག་གནས་ཀྱི་ཟབ་ཚད་མཚོན་པ་དང་། ཡུལ་སྐོར་བ་དང་མང་ཚོགས་རྣམས་ལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་མྱོང་སྣང་བསྐྲུན་པ་དང་། རིག་གནས་དང་ཡུལ་སྐོར་གཏིང་ཟབ་པའི་སྒོ་ནས་མཉམ་འདྲེས་ཡོང་བར་སྔར་ལས་སྐུལ་འདེད་བཏང་།

མི་ཕམ་གྱིས་བསྒྱུར།