མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་ཚང་དང་ཁྱིམ་དོན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྲོལ་ཡིག་དྲིལ་སྒྲོག་བྱེད་སྒོ་སྤེལ།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ7པའི་ཚེས29ཉིན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་བཞི་བཅུས་མཉམ་དུ་གཙོ་སྒྲུབ་བྱས་པའི་ནར་མ་སོན་པའི་མི་འཚར་ལོངས་འབྱུང་བར་ཤུགས་བརྒྱབ་ནས་བདེ་སྐྱིད་ཀྱི་གཞིས་ཁྱིམ་མཉམ་དུ་བསྐྲུན་པ་བརྗོད་དོན་དུ་བཟུང་བའི་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་དང་ཁྱིམ་དོན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྲོལ་ཡིག་དྲིལ་སྒྲོག་བྱེད་སྒོ་ཟི་ལིང་གྲོང་ཁྱེར་དུ་སྤེལ།

ཐེངས་འདིའི་བྱེད་སྒོ་དེ་རིག་རྩལ་འཁྲབ་སྟོན་དང་། སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་སྒྲོག འདྲི་རྟོག་བྱ་བ། རོལ་མྱོང་དང་དང་བླངས་ཞབས་ཞུ་སོགས་ཀྱི་རྣམ་པ་སྤྱད་ནས་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་དང་ཁྱིམ་དོན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྲོལ་ཡིག་ཁྱབ་རྒྱ་ཆེ་བའི་ངང་དྲིལ་བསྒྲགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་རྣམས་ཀྱི་སྲོལ་ཡིག་ཐད་ཀྱི་ངོས་འཛིན་མཐོར་འདེགས་བཏང་བ་དང་། ཚང་མས་རང་འགུལ་ངང་ཁྲིམས་ལུགས་ཁྲིམས་སྲོལ་བརྩི་བ་དང་རང་གི་ཁེ་ཕན་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པར་སྣེ་ཁྲིད་པའི་ཞོར་དུ་སྤྱི་ཚོགས་ཡོངས་ནས་ཁྱིམ་ཚང་འཛུགས་སྐྱོང་ལ་འབོད་སྐུལ་བཏང་ནས་ནར་མ་སོན་པའི་མིའི་འཚར་ལོངས་ལ་དོ་སྣང་དང་ཁྱིམ་ཚང་སློབ་གསོར་གཙིགས་འཛིན་བྱས་ཏེ།  ཁྱིམ་ཚང་འཆམ་མཐུན་དང་སྤྱི་ཚོགས་བརྟན་འཇགས་ཀྱི་རྣམ་པ་བཟང་པོ་གྲུབ་པར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་དང་ཁྱིམ་དོན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྲོལ་ཡིག་གི་མ་ལག་སྔར་ལས་འཐུས་ཚང་དུ་འགྲོ་བར་མཉམ་དུ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བའི་ཐད་ཀྱི་རེ་འདུན་བསྐངས།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་སྒྲུབ་འགན་བསྟར་གྱིས་ཁྱིམ་ཚང་གི་ཁྱབ་ཁོངས་ཀྱི་གནད་དོན་གཙོ་བོར་དམ་དུ་དམིགས་ནས་ཁྲིམས་འཛུགས་རྟོག་ཞིབ་དང་མ་ཡིག་བྲིས་ནས་ཁུངས་སྒྲུབ་བྱེད་པའི་བྱ་བ་གཏིང་ཟབ་སྒོས་བསྒྲུབས་པ་དང་། ཁྱིམ་ཚང་དང་ཁྱིམ་དོན་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་བསྟུད་མར་སྐུལ་འདེད་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་དྲག་སྤྱོད་ལ་རྒོལ་བའི་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོར་ཡར་སྐུལ་བྱ་བའི་སྲོལ་ཡིག མཚོ་སྔོན་གྱི་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱ་བའི་སྲོལ་ཡིག་བཅས་རིམ་པར་ལག་བསྟར་བྱས་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་དང་ཁྱིམ་དོན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྲོལ་ཡིག་གི་མ་ལག་རིམ་བཞིན་གྲུབ་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་འཆམ་མཐུན་དང་བརྟན་འཇགས་ཡོང་བ། བུད་མེད་དང་བྱིས་པའི་ཁེ་དབང་ཐད་ཁྲིམས་སྐྱོང་གི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།

མི་ཕམ་གྱིས་བསྒྱུར།